འོད་ལོ490ཕ་རོལ་གྱི་སྡོད་རུང་ཁོངས་སུ་སའི་གོ་ལའི“ཉེ་སྤུན”རྙེད།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

165
འགྲོ་བ་མིའི་རིགས་ཀྱིས་སའི་གོ་ལར་ཁ་ལོ་བསྒྱུར་རྗེས་ཁེར་རྐྱང་གི་སྣང་བ་སྐྱེས་པ་ཡིན་ཡང་སྲིད་དེ། ལོ་བཅུ་ཕྲག་རིང་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་བའི་གོ་ལ་གཞན་པའི་སྟེང་གི་ཚེ་སྲོག་ཡོད་མེད་འཚོལ་ཞིབ་བྱེད་ཀྱིན་ཡོད་ཅིང་།  ལས་ལམ་ལ་སོང་སྟེ་ཉེ་ཆར་བྱ་བཞག་དེར་ཐོལ་བརྒལ་ཅུང་ཟད་ཕྱིན་ཡོད་པར་འདུག
ཚན་རིག་པསKepler-186f ཡི་བརྟན་སྐར་གྱི་འོད་ལྡོག་ལུཊ་ཀྱིས་དེའི་སྐྱེ་དངོས་ཀྱི་མདོག་སེར་པོར་སྣང་བར་འདོད་ལ།  འདི་ Kepler-186f སྒྱུ་རྩལ་གྱི་བསམ་བཀོད་རི་མོ་རེད།
    
སའི་གོ་ལ་དངKepler-186fགཉིས་ཀྱི་བོངས་ཚད་དང་བརྟན་སྐར་ཁྲོད་ཀྱི་གནས་ཡུལ་བསྡུར་རིས།
  ཨ་རིའི་མཁའ་འགྲུལ་སྡེ་ཁག(NASA)གི་ཚན་རིག་པ་རྣམས་ཀྱིས་ཟླ4པའི་ཚེས18ཉིན(པེ་ཅིང་གི་དུས་ཚོད)སྟེང་བསྐྲུན་པའི་དུས་དེབ《ཚན་རིག》ཏུ་སྤེལ་བ་ལྟར་ན།  ཁོ་ཚོས་ཁེ་ཕུ་ལིར(Kepler)གནམ་རིག་རྒྱང་ཤེལ་གྱིས་ཆེ་ཆུང་སའི་གོ་ལའི་ཚོད་ཙམ་ཡིན་ལ་དེའི་བརྟན་སྐར་གང་དང་བར་ཐག་འཚམ་པར་གནས་པའི་རྒྱུ་སྐར“Kepler-186f”རྙེད་འདུག   རྒྱུ་སྐར་འདིའི་གནས་ཡུལ་དང་ཆེ་ཆུང་བཅས་ལས་དེའི་ངོས་སུ་ཧ་ལམ་ཆུ་ཡོད་མདོག་ཁ་པོ་འདུག་ཅིང་།  འདི་ཕལ་ཆེར་ཚན་རིག་པ་དག་གིས་ཉི་མའི་ཁྱིམ་རྒྱུད་ལས་གཞན་དུ་རྙེད་པའི་རྒྱུ་སྐར་གཤེར་གཟུགས་ཀྱི་ཆུ་ཡོད་པ་ཐོག་མ་ཡིན་པར་ངེས་པ་དང་། ད་སྔའི་བར་ཚེ་སྲོག་ཡོད་ཤས་ཆེས་ཆེ་བ་དེ་ཡིན་འདུག
   Kepler-186fཡིས་སའི་གོ་ལ་དང་འོད་ལོ་ཕལ་ཆེར490ཡི་བར་ཐག་ཡོད་པའི་བརྟན་སྐརKepler 186(ཉི་མ་ལས་འཁྱག་ལ་མུན་པ་ཆེ)བསྐོར་ནས་འཁོར་གྱི་ཡོད་ཅིང་རྒྱུ་སྐར་ལྔ་ཡོད་པ་ལས་བར་ཐག་རིང་ཤོས་དེ་རེད།  སའི་གོ་ལ་དང་འདྲ་བར་བྲག་རྡོའི་རྒྱུ་སྐར་ཡིན་ཤས་ཤིན་ཏུ་ཆེ་བས།  རང་རང་གི་རླུང་རིམ་དང་སྲ་གཟུགས་ཀྱི་ཕྱི་ངོས་ཡོད་པར་སྣང་།  རྒྱུ་སྐར་འདིའི་ཆེ་ཆུང་ཧ་ལམ་སའི་གོ་ལའི་ལྡབ1.1ཡིན་པས།  འདི་རྒྱུ་སྐར་གྱི་ཕྱི་ཚུལ་དང་རླུང་ཆེན་བང་རིམ་སྔོན་དཔག་བྱེད་པའི་གནད་ཅིག་རེད་ཅེས་ཆེད་མཁས་དག་གིས་གསུང་གིན་འདུག  ཡང་རྒྱུ་སྐར་འདི་སའི་གོ་ལའི་ལྡབ1.5འམ་དེ་ལས་ཆེ་བ་ཡིན་ཚེ། ཕལ་ཆེར་ཧའེ་རླུང་འདུས་ནས་ཧེ་ལི་ཡམ་རླུང་ཁམས་བང་རིམ(helium)འགྲུབ་ལ།  ཉི་མའི་ཁྱིམ་རྒྱུད་ནང་གི་ཕུར་བུ་དང་སྤེན་པ་དང་འདྲ།
   ཨིན་ཇིའི《ཉིན་རེའི་སྦྲག་དེབ》ཏུ་ཟླ4པའི་ཚེས18(པེ་ཅིང་དུས་ཚོད)བཀོད་པ་ལྟར་ན།  གོང་གི་སྡོམ་ཚིག་འདི་NASAཡིས་ཁ་ལི་ཧྥོར་ནི་ཡའི་ཨེམ་ཟི་ཞིབ་འཇུག་ལྟེ་གནས་སུ་བཙུགས་པའི་གོ་ལ་གཞན་པའི་ཤེས་རིག་འཚོལ་ཞིབ་འཆར་གཞི(SETI)ཞིབ་འཇུག་ཁང་གི་ཆེད་མཁས་པ་ཨེལ་ཟ་ཁོན་ཐ་ནཱ(艾莉萨•昆塔娜)ཡིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པ་ཡིས་ཁེ་ཕུ་ལིར་རྒྱང་ཤེལ་གྱིས་འདོན་སྤྲོད་བྱས་པའི་རྒྱུ་སྐར་གྱི་གཞི་གྲངས་ལ་དཔྱད་ཞིབ་བྱས་པ་ལས་བྱུང་།
   ཁེ་ཕུ་ལིར་གནམ་རིག་རྒྱང་ཤེལ་གྱིས་ད་སྔའི་བར་རྒྱུ་སྐར་བརྒྱ་ཕྲག་མང་པོ་རྙེད་པ་དང་།  དེ་ལས་མང་ཆེ་བ་བོངས་ཚད་ཆེ་དྲགས་པའམ་ཡང་ན་བརྟན་སྐར་དང་བར་ཐག་རིང་དྲགས་པའི་རྐྱེན་གྱིས་ཚེ་སྲོག་འཚོ་བར་མི་འཚམ་པ་རེད།  ཡིན་ཡངKepler-186f ནི་རང་ཅག་གིས་བརྟན་སྐར་ག་གེ་མོ་ཡི་སྡོད་རུང་ས་ཁོངས(habitable zone)སུ་རྙེད་ཅིང་སའི་གོ་ལ་དང་ཆེ་ཆུང་ཆ་མཚུངས་པའི་རྒྱུ་སྐར་ཐོག་མ་དེ་ཡིན་པས།  འདི་ནི་གོ་ལ་གཞན་པ་འཚོལ་ཞིབ་ཀྱི་ཁྱབ་ཁོངས་ནས་རྡོ་རིང་ལྟ་བུ་ཞིག་ཏུ་ངོས་བཟུང་ཆོག
   སྡོད་རུང་ས་ཁོངས་ཟེར་བ་ནི་བརྟན་སྐར་གྱི་མཐའ་སྐོར་དུ་ཆུ་འགྲུབ་བྱེད་ཀྱི“དྲོད་ཚད་འོས་འཚམ”ཡིན་པའི་ས་ཆར་གོ་བ་སྟེ། དཔེར་ན།  སའི་གོ་ལ་ཏག་ཏག་ཉི་མའི་ཁྱིམ་རྒྱུད་ཀྱི་སྡོད་རུང་ས་ཁོངས་ཀྱི་དབུས་སུ་ཡོད་པ་ལྟ་བུ་ཡིན།  ཞིབ་འཇུག་དེའི་མཉམ་ལས་མཁན་ཡིན་པའི་SFSUསློབ་ཆེན(San Francisco State University)གྱི་སི་ཌེ་ཧྥིན་ཁེ་ཨན་གྱིསKepler-186fསའི་གོ་ལ་ལས་ཅུང་ཟད་ཆེ་ཞིང་།  རླུང་ཁམས་བང་རིམ་ཡང་ཏོག་ཙམ་འཐུག་པས་རྒྱུན་གཅོད་བང་རིམ(Insulation of acable)མང་ཙམ་གྲུབ་ནས་གཤེར་གཟུགས་ཀྱི་ཆུ་ཉར་བར་ཕན་ཟེར།
    ཡིན་ཡང་འུ་ཅག་དགའ་དྲགས་རྒྱུ་མི་འདུག  ཁེ་ཕུ་ལེར་རྒྱང་ཤེལ་གྱི་ལས་གཞིའི་ཆེད་མཁས་པ་དང་ཞིབ་འཇུག་མཉམ་ལས་པ་ཡིན་པའི་ཐོམ་བྷ་ཁི་ལི་ཡིས་ཨ་རིའི་སྤྲོ་ལྡན་ཚན་རིག་དྲ་བའི་བཅར་འདྲི་དང་དུ་ལེན་སྐབས། “Kepler-186f སའི་གོ་ལའི་ཕ་སྤུན་ལྟ་བུ་ཞིག་ལས་མཚེ་མ་ངོ་མ་འདྲ་པོ་མིན།  ཕྱོགས་ཁ་ཤས་ནས་སའི་གོ་ལ་དང་འདྲ་པོ་ཡོད་ཅིང་གཞུང་ལུགས་ཀྱི་སྟེང་ནས་གནས་བཅའ་རྒྱུའི་ཆ་རྐྱེན་འདུག་མོད།  སའི་གོ་ལ་དང་བསྡུར་ན་ངོས་སྨག་ལ་འཁྱག་ཅིང་། དྲོད་ཚད་ངོ་མ་དེ་མཐའ་སྐོར་གྱི་རླུང་ཁམས་དང་འབྲེལ་བ་ཡོད་ཅེས”ཟེར།   ཞིབ་འཇུག་པས་ད་སྔ་ད་རུངKepler-186f ཡི་རླུང་ཁམས་བང་རིམ་གྱི་གྲུབ་ལུགས་མི་ཤེས་ཤིང་། དེ་ཏན་ཏན་རྒྱུ་སྐར་འདི་ཚེ་སྲོག་གནས་བཅའ་བར་འཚམ་མིན་གྱི་འགག་རྩ་རེད་འདུག
 

དཔྱད་གཏམ་འཇོག་པ།

Log in or register to post comments