སྤྱི་དམངས་ཀྱི་ཚན་རིག་གི་ལྟ་བ།
རྩོམ་མཁན།: 
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 12

ལྟ་གྲངས།

163
   སི་ཌེ་ཝིན་ཧོ་ཁེན། 
 
   ང་ཚོ་དགའ་པོ་ཡོད་ནའང་འདྲ་མེད་ནའང་འདྲ།  གང་ལྟར་ང་ཚོ་འཚོ་བའི་འཇིག་རྟེན་འདི་འདས་པའི་ལོ༡༠༠ཡི་ནང་འཕོ་འགྱུར་དྲག་པོ་ཞིག་བྱུང་བ་དང་།   དུས་རབས་རྗེས་མར་དེ་ལས་ཇེ་དྲག་ཏུ་འགྲོ་རྒྱུ་རེད།   མི་འགའ་ཤས་ཀྱིས་འགྱུར་ལྡོག་དེ་འདྲ་མཚམས་བཞག་སྟེ་ཁོ་ཚོའི་སེམས་ནང་གི་དྭངས་ཤིང་ལྷད་མེད་པའི་དུས་རབས་ལ་ཕྱིར་ལོག་ན་དགའ་སྙམ་གྱི་ཡོད།   ཡིན་ནའང་ལོ་རྒྱུས་ཀྱིས་བསྟན་པ་བཞིན་སྔོན་ཆད་དེ་འདྲའི་བདེ་ཞིང་སྐྱིད་པ་ཞིག་མིན། དམིགས་བསལ་གྱི་དབང་ཆ་ཡོད་པའི་མི་སྣ་ཉུང་ཤས་ངོས་ནས་བཤད་ན་ཐ་ན་དེང་རབས་ཀྱི་སྨན་བཅོས་ལག་རྩལ་ཙམ་ཡང་ལོངས་སུ་སྤྱོད་མི་ཐུབ་ཅིང་།  བུད་མེད་ལ་ཕྲུ་གུ་བཙའ་བ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཡིན་ནའང་དེ་འདྲའི་སྡུག་པོ་ཞིག་མིན།  ཡིན་ཡང་མི་མང་ཆེ་བའི་ངོས་ནས་བཤད་ན་འཚོ་བ་ནི་སྐྱུག་བྲོ་ལ་གདུག་རྩུབ་ཆེ་ཞིང་དུས་ཡུན་ཐུང་བ་ཞིག་རེད།
 
   མི་རྣམས་ཀྱིས་རེ་སྨོན་ཅི་ཙམ་བྱས་ཀྱང་ཆུ་ཚོད་འཁོར་ལོ་འདས་ཟིན་པར་ལོག་མི་སྲིད།  ཤེས་བྱ་དང་ལག་རྩལ་ཡང་དེ་འདྲའི་ངང་བརྗེད་མི་རུང་ལ་མི་ཚོས་མ་འོངས་པའི་ཡར་རྒྱས་ཀྱང་འགོག་ཐབས་ག་ལ་ཡོད།   སྲིད་གཞུང་ཐམས་ཅད་ཀྱིས་ཞིབ་འཇུག་གི་གྲོན་དངུལ་མཚམས་བཞག་རུང(ད་ལྟའི་སྲིད་གཞུང་གིས་དེའི་ཐོག་ལ་ཧ་ཅང་ཚད་མཐུན་བྱེད)འགྲན་རྩོད་སྟོབས་ཤུགས་ཀྱིས་སྔར་བཞིན་ལག་རྩལ་མདུན་དུ་འདེད་ལ། མི་རྣམས་ལ་ཐོབ་ཆ་སྤྲད་ཀྱང་མ་སྤྲད་ཀྱང་མི་རྣམས་ཀྱིས་རྨང་གཞིའི་ཚན་རིག་ལ་བསམ་གཞིགས་བྱེད་པའི་རིག་པ་ཅི་ལྟར་འགོག་པར་ནུས།  སྔར་ལས་ལྷག་པར་འཕེལ་བ་འགོག་བྱེད་ཀྱི་ཐབས་ཤེས་གཅིག་པུ་ནི་གསར་ཐོན་བྱ་དངོས་ཡོད་ཚད་གཉའ་གནོན་པའི་གོ་ལ་ཧྲིལ་པོའི་སྒེར་གཅོད་སྲིད་གཞུང་རེད།  ཡིན་ནའང་མིའི་རིགས་ཀྱི་གསར་གཏོད་ཀྱི་བློ་གྲོས་དང་སྐྱེས་སྟོབས་ཀྱི་ཤེས་རབ་འདི་འདྲའི་རྣོ་ཕྱིར།  སྲིད་གཞུང་དེ་འདྲས་ཀྱང་ཅི་བྱ་གཏོལ་མེད་ཡིན་ཏེ། དྲག་ན་འགྱུར་བ་དལ་དུ་གཏོང་ནུས་པ་ཙམ་ཡིན།
 
   གལ་སྲིད་ང་ཚོ་ཚང་མས་ཚན་རིག་ལག་རྩལ་གྱིས་ང་ཚོའི་འཇིག་རྟེན་བསྒྱུར་རྒྱུ་འགོག་ཐབས་མེད་པ་ཁས་ལེན་ན།  མ་མཐའ་ཡང་ཚན་རིག་ཡང་དག་པའི་ལམ་དུ་འགྲོ་བར་ཁག་ཐེག་བྱེད་དགོས།  དམངས་གཙོའི་སྤྱི་ཚོགས་ཞིག་གི་ནང་དུ།  འདིས་མི་དམངས་ལ་ཚན་རིག་ཐད་ཀྱི་རྨང་གཞིའི་གོ་བ་དགོས་པ་སྟོན་གྱི་ཡོད་ཅིང་།  ཐག་གཅོད་འདི་འདྲས་གཞི་ནས་གནས་ཚུལ་མྱུར་དུ་རྟོགས་ཐུབ་ཏེ།  ཆེད་མཁས་པ་ཉུང་ཤས་ཀྱིས་གང་འདོད་འདོད་བྱེད་མི་ཐུབ།  དེང་སང་སྤྱི་དམངས་ཀྱིས་ཚན་རིག་ལ་ཡིད་གཉིས་སུ་བྱེད་ཀྱིན་ཡོད་དེ།  མི་རྣམས་ཀྱིས་ཚན་རིག་ལག་རྩལ་འཕེལ་རྒྱས་གསར་པས་མུ་མཐུད་ནས་འཚོ་བའི་ཆུ་ཚད་གོང་དུ་སྤེལ་བར་རེ་བ་བྱེད་པ་དང་།  ཡང་ཕྱོགས་གཞན་ཞིག་ནས་ཚན་རིག་ལ་གོ་བ་མ་ལོན་པར་དེ་ལ་ཡིད་ཆེས་ཀྱི་མེད།   ཚོད་ལྟའི་ཁང་དུ་འཕྲུལ་མི་ཧྥོ་རེན་ཁེན་སི་ཐེན་བཟོ་མཁན་གྱི་ཚན་རིག་པ་སྨྱོན་པ་དེའི་རབ་བཏགས་རི་མོ་ཡིད་རྟོན་མེད་པའི་སྒྲུབ་བྱེད་དུ་བཀོད་ཆོག   འོན་ཀྱང་སྤྱི་དམངས་ཀྱིས་ཚན་རིག་དང་དེ་ལས་ཀྱང་གནམ་རིག་ལྟ་བུ་ལ་དགའ་སྣང་ཆེན་པོ་བཅངས་ཡོད། དཔེར་ན་བརྙན་འཕྲིན་ཟློས་གར《འཇིག་རྟེན་ཁམས》 ལྟ་བུའི་ཚན་རིག་འཕྲུལ་སྣང་གིས་དམངས་མང་པོ་ཞིག་གི་ཡིད་འཕྲོག་པ་ལས་ཀྱང་མཐོང་ཐུབ་པར་འདུག
 
   འོ་ན་སྤྲོ་བ་ཇི་ལྟར་བེད་སྤྱད་ནས་སྤྱི་དམངས་ལ་ངེས་པར་མཁོ་བའི་ཚན་རིག་རྒྱབ་ལྗོངས་ཏེ།  དཔེར་ན་སྐྱུར་ཆར་དང་དྲོད་ཁང་ནུས་པ།  ཉིང་རྡུལ་མཚོན་ཆ་དང་རྒྱུད་འདེད་བཟོ་སྐྲུན་ཕྱོགས་ལ་གནད་ཕིགས་པའི་ཐག་གཅོད་འདོན་སྤྲོད་བྱ་དགོས་ཟེར་ན།   རྩ་བའི་གནད་དོན་ནི་སློབ་འབྲིང་རྨང་གཞིའི་སློབ་གསོ་ཡིན་པ་ཧ་ཅང་གསལ་པོ་རེད།  ཡིད་ཕངས་པ་ཞིག་ལ་སློབ་འབྲིང་གི་ཚན་རིག་སློབ་གསོར་བྲོ་བ་ཅི་ཡང་མེད་ལ་ཆོ་མེད་པ་ཞིག་རེད།  ཕྲུ་གུ་རྣམས་ཀྱིས་བཙན་གྱིས་བློར་བཟུང་སྟེ་འགག་སྒོ་ལས་ཐར་ཐབས་ཁོ་ན་བྱེད་པ་ལས་ཚན་རིག་དང་ཁོ་ཚོའི་མཐའ་སྐོར་གྱི་འཇིག་རྟེན་བར་ལ་འབྲེལ་བ་ཅི་ཡོད་པ་རྩ་བ་ནས་མི་ཤེས།   དེ་ལས་གཞན།  ནམ་རྒྱུན་མཉམ་བྱ་ཤེས་ན་གཞི་ནས་ཚན་རིག་ཤེས་བྱ་རྟོགས་ཐུབ།  མཉམ་བྱ་ནི་རྩིས་རིག་བསམ་བློའི་གནད་བསྡུས་དོན་གསལ་དང་ཞིབ་ཅིང་དག་པའི་ཐབས་ཤེས་དང་བྱེད་ཐབས་ཞིག་ཡིན་རུང་། མི་མང་ཆེ་བས་གུས་ཚུལ་ཙམ་ལས་རྩར་མི་བཅར། ཉེ་ལམ་ངས་དེབ་གོ་བདེ་བ་ཞིག་འབྲི་དུས།  མི་ཁ་ཤས་ཀྱིས་མཉམ་བྱ་འཇོག་ཐེངས་རེར་བྲིན་ཚད་ཕྱེད་ཀ་ཉུང་དུ་འགྲོ་ཟེར། ངས་མཉམ་བྱ་གཅིག་ནང་འདྲེན་བྱས་པ་སྟེ།   ཨེན་སི་ཐན(Albert Einstein)མཉམ་བྱའི་རྩིས་ཕྲེང་གྲགས་ཅནE=mc2རེད།  གཅིག་བྱས་ན་མཉམ་བྱའི་རྩིས་ཕྲེང་འདི་མེད་ན་ངས་དེབ་གྲངས་ལྡབ་གཅིག་གིས་མང་བ་འཚོང་ཐུབ་ངེས།
 
   སློབ་གྲྭའི་ནང་སྦྱངས་པའི་ཚན་རིག་གིས་མི་རྣམས་ལ་རྩ་བའི་སྒྲོམ་ཞིག་གྲུབ་ཡོད།  འོན་ཀྱང་དེང་སང་ཚན་རིག་འཕེལ་རྒྱས་ཀྱི་འདི་འདྲ་མགྱོགས་པས།  མི་རྣམས་སློབ་གྲྭའམ་སློབ་ཆེན་དང་ཁ་བྲལ་རྗེས་གོང་འཕེལ་གསར་པ་འབྱུང་ངེས།   ང་སློབ་འབྲིང་གི་དུས་སུ་འདུས་རྡུལ་སྐྱེ་དངོས་རིག་པའམ(分子生物学)ཤེལ་གཟུགས་སྦུ་གུ་རྩ་བ་ནས་སྦྱངས་མྱོང་མེད་ལ།  རྒྱུད་འདེད་བཟོ་སྐྲུན(genetic engineering)དང་རྩིས་རྒྱག་འཕྲུལ་འཁོར་ནི་ང་ཚོའི་མ་འོངས་འཚོ་བ་སྐྱེལ་སྟངས་བསྒྱུར་ཐུབ་མཁན་གྱི་འཕེལ་སྟངས་གཉིས་ཡིན་སྲིད་པ་ཡང་མི་ཤེས།  ཚན་རིག་དང་འབྲེལ་བའི་གོ་བདེའི་ཀློག་དེབ་དང་དུས་དེབ་ཀྱི་རྩོམ་ཡིག་གིས་ང་ཚོར་འཕེལ་རྒྱས་གསར་པ་རྟོགས་སུ་འཇུག་ཐུབ།  འོན་ཀྱང་གོ་བདེའི་གསུང་རྩོམ་ཡག་ཤོས་ཡིན་ཡང་མི་འབོར་གྱི་ཆ་ཤས་ཆུང་ཆུང་ཞིག་གིས་མ་གཏོགས་མི་ལྟ་ཞིང་།   བརྙན་འཕྲིན་གྱིས་གཞི་ནས་མིང་དོན་མཚུངས་ཤིང་རྒྱ་ཆེ་བའི་གཟིགས་མོ་བར་འབྲེལ་བ་བྱེད་ཐུབ།  བརྙན་འཕྲིན་དུ་ཚན་རིག་གི་ལེ་ཚན་ཤིན་ཏུ་ཡག་པོ་ཁ་ཤས་འདུག   ཡིན་ཡང་མི་ཁ་ཤས་ཀྱིས་ཚན་རིག་གི་ལག་རྗེས་ངོ་མཚར་ཅན་དེ་ཚོ་སྟབས་བདེའི་བའི་སྒྱུ་མར་བཤད་པ་ལས་གསལ་པོར་འགྲེལ་བའམ། དེ་ཚོ་ཚན་རིག་འདུ་ཤེས་ཀྱི་སྒྲོམ་གཞི་དང་ཇི་ལྟར་མཐུན་པའི་སྐོར་བསྟན་མེད་པ་རེད།   ཚན་རིག་ལེ་ཚན་གྱི་བརྙན་འཕྲིན་བཟོ་མཁན་གྱིས་ཁོ་ཚོས་དམངས་ལ་སྤྲོ་སྐྱིད་སྟེར་དགོས་པ་མ་ཟད།  མང་ཚོགས་ལ་སློབ་གསོ་གཏོང་བའི་འགན་འཁྲི་ཡོད་པའང་ཤེས་དགོས་སོ།  །
ཡོང་ཁུངས།: 
ཚན་རིག་དྲ་བ།