འཚོལ་སྙེག་གི་ཀུན་སློང་།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-04-24 14

ལྟ་གྲངས།

53
འདི་ནི་ཨེན་སི་ཐན(Albert Einstein)གྱིས་པེར་ལེན་དངོས་ཁམས་ཚན་ཁག་གིས་བསྡུས་པའི་མྭེའེ་ཁའེ་སེ་ཕུ་ལན་ཁ་དགུང་གྲངས་དྲུག་ཅུ་སོན་པའི་དྲན་གསོའི་ཚོགས་འདུར་གནང་བའི་གཏམ་བཤད་ཅིག་ཡིན།
 
   ཚན་རིག་གི་ཞིང་ཁམས་སུ་ཁང་ཆེན་མང་པོ་ཡོད་པ་དང་། དེའི་ནང་མི་འདྲ་མིན་སྣ་ཚོགས་བསྡད་ཡོད་ལ། མི་རྣམས་གནས་དེར་འགྲོ་འདོད་ཀྱི་སྒུལ་ཤུགས་ཀྱང་ཁ་ཁ་ཡིན། མི་མང་པོ་ཞིག་ཚན་རིག་ལ་དགའ་པོ་ཡོད་ལ་དེའི་རྒྱུ་མཚན་ནི་ཚན་རིག་གིས་ཁོ་ཚོའི་ཀླད་པ་འགུལ་སྐྱོད་མགྱོགས་པོར་བྱེད་དུ་འཇུག་ཐུབ། ཁོ་ཚོར་མཚོན་ན། ཚན་རིག་ནི་སྤྲོ་སེང་དམིགས་གསལ་བ་ཞིག་སྟེ། སྤྲོ་སེང་གི་ཁྲོད་དུ་ཁོ་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་འདོད་བློ་འཚོལ་གྱིན་ཡོད། ཡང་མི་ཁག་ཅིག་གིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་ཁོ་ཚོའི་ཀླད་ཤུགས་ཀྱི་ཐོན་འབྲས་(脑力产物)་དུར་མཆོད་དུ་ཕུལ་བཞིན་ཡོད། གལ་སྲིད་དཀོན་མཆོག་གིས་ལྷའི་ཕོ་ཉ་ཞིག་མངགས་ཏེ་རིགས་འདི་གཉིས་ཀྱི་གྲས་སུ་ཚུད་པའི་མི་ཚང་མ་ཞིང་ཁམས་ནས་ཕྱིར་བཏོན་ཚེ་གནས་འདིར་མི་ཧ་ཅང་ཉུང་ཉུང་ཞིག་ལས་མེད། འོན་ཀྱང་གནས་འདིར་སྔར་བཞིན་མི་ཁ་ཤས་འདུག་སྲིད་དེ། དེའི་ནང་དུ་གནའ་མི་ཡོད་ལ་དེང་མིའང་ཡོད། ང་ཚོའི་ཕུ་ལན་ཁ་ནི་དེའི་གྲས་ཀྱི་མི་གཅིག་ཡིན་ལ། དེའང་ང་ཚོས་ཁོང་ལ་དགའ་པོ་བྱེད་པའི་རྒྱུ་མཚན་ཡིན།
 
    གོང་དུ་ཚོད་དཔག་བྱས་ཏེ་ལས་སླ་པོར་ཞིང་ཁམས་ནས་ཕྱིར་ཕུད་པའི་མི་དེ་ཚོའི་ཁྲོད་དུ་ཕུལ་དུ་བྱུང་བའི་མི་མང་པོ་ཡོད་པ་ངས་གསལ་པོར་ཤེས་ཡོད། ཁོ་ཚོས་ཚན་རིག་གི་ཞིང་ཁམས་བསྐྲུན་དུས་བྱས་རྗེས་མང་པོ་བཞག་མྱོང་། སྐབས་མང་པོར་ལྷའི་ཕོ་ཉས་ཀྱང་སུ་ཞིག་མར་ཕུད་དགོས་པ་ཐག་གཅོད་ཁག་པོ་རེད། ཡིན་ནའང་གནས་ཚུལ་གཅིག་ཐག་ཆོད་དེ། གལ་སྲིད་ཞིང་ཁམས་འདིར་མིའི་རིགས་འདི་གཉིས་ལས་མེད་ཚེ་ཞིང་ཁམས་འདི་རྩ་བ་ནས་གནས་མི་སྲིད་ལ། དཔེར་ན་རྩྭ་ཁོ་ནས་ནགས་ཚལ་མི་ཆགས་པ་ལྟ་བུ་རེད། མི་འདི་ཚོའི་ངོས་ནས་བཤད་ན། གོ་སྐབས་རེག་པ་ཙམ་གྱིས་མིའི་རིགས་ཀྱི་ལས་སྒྲུབ་ཀྱི་ཁྱབ་ཁོངས་ཚང་མར་འོས་ཤིང་འཚམ་ལ། ཁོ་ཚོ་བཟོ་བཀོད་པ་དང་། དཔོན་པོ། ཚོང་པ། ཡང་ན་ཚན་རིག་པར་འགྱུར་མིན་དེ་ཁོར་ཡུག་ཁོ་ནར་རག་ལས་ཡོད། ད་ལྟ་ང་ཚོས་ལྷའི་ཕོ་ཉས་དགའ་པོ་བྱས་ཏེ་བསྡད་དུ་བཅུག་པའི་མི་རྣམས་ལ་གཟིགས། ཁོ་ཚོ་མང་ཆེ་བ་ནི་ཁུ་སིམ་ཞིང་ཁེར་རྐྱང་ཡིན་ལ། གཏམ་སྤྱོད་ཀྱང་རྒྱུན་ལྡན་ལྟར་མིན། ཁོ་ཚོར་ཐུན་མོང་གི་ཁྱད་ཆོས་འདི་དག་ཡོད་ཀྱང་། ཕྱིར་ཕུད་པའི་མི་རྣམས་དང་འདྲ་བར་ཕན་ཚུན་འདྲ་པོ་མེད། ནུས་ཤུགས་གང་འདྲ་ཞིག་གིས་ཁོ་ཚོ་ཞིང་ཁམས་འདིར་དྲངས་པ་ཡིན་ནམ་ཟེར་ན། དེ་ནི་ལས་སླ་མོར་ལན་རྒྱག་ཐུབ་པ་ཞིག་མ་རེད། ཐོག་མར་ང་ཧྲུ་པན་ཧའོ་ཡིས་བཤད་པར་མོས་མཐུན་ཡོད། མི་རྣམས་སྒྱུ་རྩལ་དང་ཚན་རྩལ་གྱི་ཕྱོགས་སུ་སྐུལ་སློང་བྱེད་མཁན་གཅིག་ནི་ནམ་རྒྱུན་འཚོ་བའི་ནང་གི་ཡིད་ཐང་ཆད་པའི་བྱ་བ་ཙག་ཙིག་དང་འཚིམ་པ་མེད་པའི་འདོད་རྔམས་ལས་མཐར་ཐུབ་པ་བྱ་རྒྱུ་དེ་རེད། ཤེས་བྱ་ཡོན་ཏན་ཡོད་པའི་མི་ཞིག་ཡིན་ན། རང་གི་ཁེར་རྐྱང་གི་འཚོ་བའི་བཀག་རྒྱ་ལས་གྲོལ་ཏེ་དངོས་ཡོད་ཀྱི་འདུ་ཤེས་དང་བསམ་གཞིགས་ལ་འཇུག་འདོད་དེ། དཔེར་ན་གྲོང་ཁྱེར་ནང་གི་མི་རྣམས་ཟང་ཟིང་གི་འཚོ་བ་ལས་གྲོལ་ཏེ་ཁོད་ཡངས་པའི་རི་ཀླུང་གི་འཚོ་བ་ལ་རེ་བཞིན་ཡོད་པ་ཇི་བཞིན་ཡིན། གོང་གི་སྐུལ་སློང་དེ་དག་ལས་ཕུད། ད་དུང་ཡར་ཐོན་ཀྱི་སྐུལ་སློང་ཡང་ཡོད་དེ། མི་རྣམས་ཀྱིས་རྟག་ཏུ་རང་ཉིད་ལ་འཚམ་ཤོས་ཀྱི་ཐབས་སྤྱད་དེ་སྟབས་བདེ་ཞིང་གོ་སླ་བའི་འཇིག་རྟེན་ཀྱི་རི་མོ་ཞིག་འབྲི་འདོད་ཡོད་ཅིང་། འཇིག་རྟེན་གྱི་འགྲོ་ལུགས་དེ་ལྟ་བུས་ཉམས་མྱོང་གི་འཇིག་རྟེན་ཚབ་བྱེད་པར་འབད་ལ། དེ་ནས་ཐམས་ཅད་དབང་དུ་བསྡུ་བར་བརྩོན། རི་མོ་བ་དང་སྙན་ངག་པ། ཚན་ཉིད་རིག་པ་བ། རང་བྱུང་ཚན་རིག་སྨྲ་བ་པ་རྣམས་ཀྱིས་རང་ཉིད་ཀྱི་བསམ་བཀོད་ཇི་བཞིན་བྱ་བ་སྒྲུབ་པའང་དེའི་ཆེད་དུ་ཡིན། མི་རྣམས་ཀྱིས་འཇིག་རྟེན་གྱི་འགྲོ་སྟངས་དང་བཀོད་པ་རང་ཉིད་ཀྱི་བརྩེ་དུང་གི་གྲུབ་ཆ་འགངས་ཆེན་ཞིག་ཏུ་བརྩི་སྟེ། དེ་དག་གི་ཁྲོད་ནས་རང་གི་ཉམས་མྱོང་ཀྱིས་འཚོལ་མི་ནུས་པའི་ཁུ་སིམ་དང་བདེ་བ་འཚོལ་གྱིན་ཡོད། མིག་གིས་མཐོང་ཐུབ་པའི་རི་མོ་ཡོད་ཚད་ཀྱི་ནང་ནས་དངོས་ཁམས་རིག་པའི་འཇིག་རྟེན་ཀྱི་རི་མོས་གནས་བབ་ག་འདྲ་ཞིག་བཟུང་ཡོད་ཅེ་ན། འབྲེལ་བ་འདི་རིགས་གསལ་བཤད་བྱེད་སྐབས། ཕྲ་ཞིང་ཡང་དག་པ་ཡིན་དགོས་ཏེ་རྩིས་རིག་ཀྱི་སྐད་ཆས་མ་གཏོགས་འགྲེལ་མི་ནུས་པའི་ཚད་ལ་སླེབས་དགོས། ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། དངོས་ཁམས་རིག་པ་བ་རྣམས་ཀྱིས་ངེས་པར་རང་ཉིད་ཀྱི་འདྲི་གཞི་གཏན་འཁེལ་བྱ་དགོས་ལ། ངེས་པར་ང་ཚོའི་ཉམས་མྱོང་ཁྲོད་ཀྱི་བྱ་དངོས་ཆེས་ཤེས་སླ་བ་དག་ཞིབ་འབྲི་བྱ་དགོས། བྱ་དངོས་རྙོག་འཛིང་ཆེ་བ་རྣམས་ལ་གཞུང་ལུགས་དངོས་ཁམས་རིག་པའི་ཞིབ་ཚགས་ཤིང་ཆ་ཚང་བའི་ཐབས་ཤེས་ཀྱིས་འགྲེལ་བཤད་བྱ་དགོས། ཡིན་ནའང་མི་རྣམས་ཀྱིས་རྙོག་འཛིང་ཆེ་ལ་རྟོགས་དཀའ་བའི་བྱ་བ་དེ་དག་ལ་དོ་ཁུར་མི་བྱེད་པའི་སྐབས་སུ། ང་ཚོ་གང་ཞིག་གིས་སྐུལ་ཏེ་རང་བྱུང་ཁམས་ཀྱི་ཤེས་བྱ་ཕྲན་བུ་འདི་དག་ངོ་ཤེས་སུ་འཇུག་གམ། ཡང་ན་འབད་པ་ཕྲན་ཙག་ལས་བྱུང་བའི་འབྲས་བུ་འདི་ལྟ་བུ་ལའང་འཇིག་རྟེན་གྱི་གཞུང་ལུགས་ཞེས་པའི་མིང་ཐོབ་བམ་ཞེ་ན། ངས་བསམ་པར་ཐོབ་འོས་པ་ཞིག་རེད། རྒྱུ་མཚན་ནི་དངོས་ཁམས་རིག་པའི་རྩ་བའི་ཆོས་ཉིད་ཅིག་ཡིན་ཚེ་བྱ་དངོས་མཐའ་དག་གི་སྣང་ཚུལ་ལ་འགྲེལ་ཐུབ་ལ། རིགས་ལམ་དེ་དག་ཡོད་ཚེ་སྤྱིར་བཏང་གི་རིགས་འདེད་པའི་ཐབས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་འཕེལ་རིམ་ཡོད་ཚད་ཤེས་རྟོགས་བྱུང་ཐུབ།
 
    དངོས་ཁམས་རིག་པ་རྣམས་ཀྱི་འགན་འཁྲི་གཙོ་བོ་ནི་སྤྱིར་བཏང་ཀྱི་རྨང་གཞིའི་སྤྱི་འགྲོས་རྣམས་ངོས་འཛིན་རྒྱུ་དེ་ཡིན་ལ། ཁོ་ཚོས་འཇིག་རྟེན་གྱི་མ་ལག་རིགས་འདེད་ཀྱི་ཐབས་ལ་བརྟེན་ནས་བསྐྲུན་ཐུབ། སྤྱི་འགྲོས་འདི་དག་རྒྱུས་ལོན་པར་གཏན་ཚིགས་ཀྱི་རིགས་འདེད་ལ་བརྟེན་པས་མི་ཆོག་པར་རང་ཉིད་ཀྱི་ཉམས་མྱོང་དང་ཚོར་སྣང་ཁོ་ནར་བརྟེན་དགོས། མི་རྣམས་ཀྱིས་ཐབས་ཤེས་རིག་པའི་གཏན་ཆགས་མིན་པའི་རང་བཞིན་འདི་དག་ལ་རྐྱེན་བྱས་ཏེ་དངོས་ཁམས་གནས་ལུགས་རིག་པ་དུས་མཉམ་དུ་བེད་སྤྱད་ཆོག་པར་བསམ་ཡོད་ལ། གཞུང་ལུགས་ཀྱི་ངོས་ནས་བལྟས་ན་འདོད་ཚུལ་དེ་ཡང་དག་ཀྱང་། དངོས་ཁམས་རིག་པའི་འཕེལ་རྒྱས་ལ་བལྟས་ཚེ། དུས་སྐབས་ཤིག་གི་འགྲེལ་བཤད་ཚང་མའི་ཁྲོད་དུ་འགྲེལ་བཤད་གཅིག་ཁྱད་དུ་འཕགས། གནས་ཚུལ་འདི་དག་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་མྱོང་མཁན་ཞིག་ཡིན་ན། སྣང་བ་དང་གཞུང་ལུགས་ཀྱི་རྩ་དོན་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་མེད་ཀྱང་། གཞུང་ལུགས་ཀྱི་མ་ལག་ཐག་གཅོད་བྱེད་ནི་སྣང་བའི་འཇིག་རྟེན་ཡིན་པ་ཤེས་ལ། འདི་ནི་ཕུ་ལན་ཁ་ཡིས་ལྷན་སྐྱེས་ཀྱི་ཞི་བ་ཞེས་ངོས་བཟུང་ཡོད་པ་དེ་རེད། དངོས་ཁམས་རིག་པ་ཚོས་ཤེས་རྟོགས་རིག་པར་(认识论)་ཞིབ་འཇུག་བྱེད་མཁན་ཚོས་དོན་དངོས་འདི་ལ་དོ་ཁུར་ཆེར་མི་བྱེད་པར་བསམ་ལ། ངས་བལྟས་ན་ཕུ་ལན་ཁ་ཡི་ལྟ་བ་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་འདི་ཉིད་རེད།