ཕྲ་ཕུང་ཚེ་སྲོག་གི་མཆོད་བརྗོད།
རྩོམ་མཁན།: 
སྤེལ་དུས།: 
2014-04-25 16

ལྟ་གྲངས།

24
ལུ་ཡི་སི་ཐོ་མྰ་སི་(1913——),ཨ་རིའི་གསོ་རིག་མཁས་དབང་དང་སྐྱེ་དངོས་རིག་པ་བ། སྔར་ཕྱིར་ཁོང་གིས་ཨ་རིའི་མིང་ཉི་སུའུ་ཏྰ་སློབ་ཆེན་གྱི་བྱིས་ནད་ཞིབ་འཇུག་ཚན་པའི་དགེ་རྒན་ཆེན་མོ་བ་དང་།  ཉིའུ་ཡོག་སློབ་ཆེན་པེ་འར་ཝེ་ཡོག་སྨན་བཅོས་ལྟེ་གནས་ནད་ལུགས་རིག་ཚན་དང་ཁོག་ནད་རིག་ཚན་གྱི་དབུ་འཛིན། ཡེའེ་ལུའུ་གསོ་རིག་སློབ་གླིང་ནད་ལུགས་རིག་ཚན་གི་དབུ་འཛིན།  ཉིའུ་ཡོག་གྲོང་ཁྱེར་སེ་ལོང་ཁེ་ཐྰ་ལིན་སྐྲན་ནད་ཞིབ་འཇུག་གླིང་གི་འགོ་གཙོ། ཨ་རིའི་ཞིབ་འཇུག་གླིང་གི་གཙོ་འཁུར་བ་བཅས་གནང་མྱོང་། ཁོང་གིས་བརྩམས་གནང་བའི་འབོལ་རྩོམ་ཕྱོགས་བསྡུས་ཕྲ་ཕུང་ཚེ་སྲོག་གི་མཆོད་བརྗོད་དེ་ཨ་རི་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
 
ཁ་ཤས་ཀྱིས་ང་ཚོར་་བཤད་དོན་དེང་དུས་མིའི་རྙོག་དྲ་ནི་གང་ཐུབ་ཀྱིས་སོ་སོ་རང་བྱུང་ཁམས་དང་ཁ་འཕྲལ་གཏོང་བ་དེ་ཡིན་ཟེར་ དེ་ཡང་ཁོས་འདུས་སྦྱོར་རྫས་ཕུང་ཐོག་དང་ཤེལ་སྒོ་ ངར་ལྕགས་སོགས་ཀྱི་སྟེང་དུ་མཐོན་པོར་གནས་ཤིང་ རྐང་པ་གཉིས་ཕར་གཡོ་ཚུར་གཡོ་བྱེད་ལ། རྒྱུ་སྐར་འདིའི་སྟེང་འགྲེ་ལོག་ལྡེམ་ལྡེམ་བྱེད་པའི་ཚེ་སྲོག་ལ་རྒྱང་ལྟ་བྱེད་བཞིན་མདའ། དེ་ལྟར་མཚོན་པར་བྱས་ཚེ། མི་ནི་སྲོག་ཉེན་རང་བཞིན་གྱི་ནུས་ཤུགས་ཤིག་ཏུ་འགྱུར་ལ། སའི་གོ་ལ་དེ་ཡང་ཉམས་ཆུང་གི་དངོས་པོ་ག་གེ་མོ་ཞིག་ལྟར་ གྲོང་གསེབ་རྫིང་བུའི་ཆུ་ངོགས་སུ་ལྷང་ལྷང་དུ་འཕྱུར་བའི་ལྦུ་བ་དང་འདྲ་བའམ་ཡང་ན་གཉོམ་ཆུང་ནུས་ཞན་གྱི་བྱིའིུ་ཁྱུ་ཞིག་དང་ཀུན་ནས་མཚུངས།
ཡིན་ན་ཡང་སའི་གོ་ལའི་ཚེ་སྲོག་དེ་ཉམས་ཆུང་དུ་བརྩི་བའི་བསམ་བློ་དེ་ནི་ཚང་མ་མིའི་འཕྲུལ་སྣང་ལས་བྱུང་བར་ངེས་ཏེ། དོན་དངོས་ཐོག་སའི་གོ་ལའི་ཚེ་སྲོག་ནི་འཇིག་རྟེན་འདིར་ང་ཚོས་བསམ་ཚོད་ནུས་པའི་ཆེས་སྲ་ཞིང་མཁྲེགས་པའི་སྐྱི་པགས་ཞིག་ཡིན། དེས་ཚོད་རྩིས་ལ་སྣང་བ་མི་གཏོང་ལ་འཆི་བ་ལ་ཡང་བློས་གཏོང་མི་སྲིད་མོད། འོན་ཀྱང་ང་ཚོ་ནི་སྐྱི་པགས་དེའི་ཁྲོད་ཆེས་ཉམས་ཆུང་གི་ཆ་ཤས་ཤིག་ཡིན་ཞིང་། དེ་ནི་གྲ་སྤུ་བཞིན་དུ་ཡུན་ཐུང་ལ་ནུས་པ་ཞན་པ་ཞིག་རེད། དེས་མ་ཟད་མིས་སྔ་ས་ནས་ཁུངས་མེད་རྫུན་བཟོ་ཞིག་བྱེད་མུས་ཡིན་ཞིང་། གང་དེས་རང་ཉིད་ནི་ཚེ་སྲོག་གཞན་ལས་མཐོ་བ་ཡིན་པར་སྒྲུབ་ཀྱི་ཡོད། ལོ་ངོ་སྟོང་ཕྲག་འགའི་རིང་མིས་དེ་ལྟར་བསམ་བློ་དྲུག་གསུམ་བཅུ་བརྒྱད་གཏོང་བཞིན། དྲན་སེམས་ཡོངས་སུ་སྤྱད་དེ་བསམ་གཞིགས་བྱེད། ཡིན་ཡང་དེ་ནི་འཕྲུལ་སྣང་ཙམ་ཡིན་པའི་དབང་གིས་ད་ལྟ་ཡང་སྔ་མ་བཞིན་དུ་ཁོང་ཚོའི་བློ་འདོད་འཚིམ་པར་མི་ཐུབ། གང་ལྟར་མི་ནི་རང་བྱུང་གི་ཁྲོད་གཞིས་ཆགས་པ་ཞིག་ཡིན།
དེང་གི་སྐྱེ་དངོས་ཚན་རིག་གིས་རྟག་ཏུ་མིའི་རྩ་བ་རང་བྱུང་དུ་གཏུགས་པའི་དོན་དེ་ངེས་པར་དུ་གང་མགྱོགས་ཚད་མས་དཔྱད་དགོས་པའི་གནས་དོན་ཤིག་ཏུ་འགྱུར་ཟིན། གནས་ཚུལ་གསར་པའམ་དཀའ་ཤོས་ནི་ད་ལྟ་གཏོན་དང་གཏོན་བཞིན་པའམ་མིས་གསལ་པོར་ངེས་ཤེས་ཐུབ་པའི་ལྟ་བ་དེ་རྣམས་ང་ཚོས་ཇི་ལྟར་ཐག་ཆོད་བྱེད་རྒྱུ་དེ་རེད་འདུག། མི་དང་རང་བྱུང་ནི་དེ་འདྲའི་ཉེ་པོའི་ངང་འབྲེལ་མཐུད་བྱས་པ་ཞིག་རེད་ཨང་། ང་ཚོ་མང་ཆེ་བས་སེམས་ངོས་སུ་དམ་པོར་འཛིན་པའི་ལྟ་བ་རྙིང་པ་སྟེ། ང་ཚོར་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་དབང་ཆ་ཡོད་སྙམ་པའི་བསམ་བློ་དེ་འདྲར་ད་ལྟ་རྩ་བ་ནས་གཡོ་འགུལ་ཐེབས་བཞིན་ཡོད།
ལུངས་ཁུངས་བཙན་པོས་བཤད་ཕོད་པ་ནི་ང་ཚོ་ནི་མངོན་གསུམ་དུ་སྣང་བའི་གདོས་བཅས་ཤིག་མིན་ལ་དེ་སྔོན་རྟག་ཏུ་བསམ་ཚོད་བྱེད་པ་དང་ཡང་གཏན་ནས་མི་མཚུངས། ང་ཚོ་ནི་རང་ཉིད་སོ་སོས་རྙོག་དྲ་ཆེ་བའི་ལྷུ་ལག་རེ་རེ་རིམ་པར་བསྒྲིགས་ནས་འདུས་ཏེ་གྲུབ་པ་ཞིག་ཡིན་ཞིང་། ང་ཚོ་ཚེ་སྲོག་གཞན་གྱིས་མཉམ་དུ་སྤྱོད་ལ། བོགས་མར་གཡར་ཞིང་། བཙན་དུ་བཟུང་ནས་ཡོད། ང་ཚོའི་ཕྲ་ཕུང་ནང་ངོས་སུ་ཕྲ་ཕུང་ལ་འདེད་སྐུལ་བྱེད་ཅིང་། དབྱང་འགྱུར་གྱི་ཐབས་ལ་བརྟེན་ནས་ནུས་ཤུགས་མཁོ་འདོན་བྱེད་པ། དེ་བཞིན་ང་ཚོ་རྒྱུན་དུ་ཕྱིར་ཐོན་ཏེ་གསལ་གསལ་ཉིན་མོར་བསུ་བ་བྱེད་མཁན་སོགས་ཚང་མ་ཐིག་རིལ་གཟུགས་ཡིན། ཡིན་ཀྱང་ནན་དུ་བཤད་ཚེ། ཁོང་ཚོ་ང་ཚོར་དབང་མེད། ད་གཟོད་ཁོང་ཚོ་ནི་ཁེར་རྐྱང་གི་ཚེ་སྲོག་ཆུང་ངུ་ཞིག་ཏེ། སྔོན་དུས་ང་ཚོའི་ལུས་ཐོག་ཏུ་མི་སེར་སྤེལ་མཁན་གྱི་གདོད་ལྟེའི་ཕྲ་ཕུང་གི་ཕྱི་རབས་པ་ཡིན། ཡིན་སྲིད་ཤོས་ནི་གདོད་མའི་འབུ་ཕྲ་འགའ་ང་ཚོའི་དངོས་ལྟེའི་ཕྲ་ཕུང་གི་གནའ་བོའི་ལུས་སྔ་མའི་ནང་དུ་ཕོན་ཆེན་པོར་འཚང་ནས་མཐར་དེའི་ནང་བཅའ་སྡོད་བྱས་པ་ཞིག་ཡིན། སྐབས་དེ་ནས་བཟུང་ཁོ་ཚོས་རང་ཉིད་དང་རང་སོ་སོའི་འཚོ་གནས་བྱེད་སྟངས་དེ་བརྟན་པོར་སྲུང་ཞིང་རང་རང་གི་རྣམ་པར་གཞིགས་ཏེ་བསྐྱར་བཟོ་རྒྱུད་འཕེལ་བྱས་ཡོད། ཁོའི་DNA(དབྱང་མེད་ཉིང་མངར་ཉིང་སྐྱུར་)དང་RNA(ཉིང་མངར་ཉིང་བསྐྱུར་)གཉིས་ཀ་ང་ཚོ་དང་གཅིག་པ་མིན། ཁོ་ཚོ་ནི་ང་ཚོའི་མཉམ་གྲུབ་གཟུགས་ཡིན་ཞིང་། སྲན་རིགས་རྩི་ཤིང་གི་རྩ་དོག་འབུ་ཕྲ་དང་རྣམ་པར་འདྲ། ཁོ་ཚོ་མེད་ཚེ། ང་ཚོས་ནམ་ཡང་ཤ་རྒོད་འགུལ་བར་མི་ཐུབ་ཅིང་། མཛུབ་མོར་གཞུ་བར་མི་ནུས་ལ། བསམ་བློ་ཡང་གཏོང་བར་མི་ཤེས་སོ།
ཐིག་རིལ་གཟུགས་ནི་ང་ཚོའི་ལུས་སྟེང་བརླིང་བཟོད་ཅིང་འགན་ཁུར་བའི་མགྲོན་པོ་ཞིག་རེད། ངས་ཁོ་ཚོར་ཡིད་ཆེས་བྱེད་འདོད། ཡིན་ནའང་སྲོག་ཆགས་ཆུང་ཆུང་གཞན་རྣམས་ཇི་ལྟར་ཡིན་སྲིད། འཚོ་ཐབས་འདི་འདྲ་བར་ངའི་ཕྲ་ཕུང་ནང་དུ་འཚོ་བའི་སྐྱེ་དངོས་ཏེ། ང་རང་ལ་མཐུན་སྦྱོར་དང་དོ་སྙོམས། དེ་བཞིན་ངའི་ཡན་ལག་རེ་རེ་རུབ་རུབ་བཟོ་མཁན་གྱི་སྐྱེ་དངོས་དེ་ཚོ་དེ་བས་གང་འདྲ་ཡིན་གཤིས། ངའི་ལྟེ་གཟུགས་དང་རྨང་གཟུགས། ལྷག་པར་དུ་ད་རུང་ངའི་ཕྲ་ཕུང་ནང་ཁུ་སིམ་དུ་འདུག་པའི་ཅ་དངོས་ཇི་སྙེད་ཅིག་ལ་སོ་སོ་རང་ཉིད་ལ་དབང་བའི་དམིགས་གསལ་གྱི་རིགས་རྐྱེན་ཚོགས་པ་ཡོད་ཞིང་། འབུ་དམར་ཁྲོད་ཀྱི་སྐྱེ་དངོས་གནོད་འབུ་ཇི་བཞིན་ཕྱི་ནས་ཡོ ང་བ་ཞིག་ཡིན་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན།ངའི་ཕྲ་ཕུང་རྣམས་ནི་ང་རང་མི་རྒན་དུ་འཚར་བྱེད་ཀྱི་ལྷད་མེད་ཀྱི་གདོས་གཟུགས་དེ་མིན་པར། ཁོ་ཚོ་ནི་ཡྰ་མེའེ་ཅའ་མཚོ་ཁུག་ལས་ཀྱང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་མ་ལག་ཞིག་ཡིན།
ང་རང་དེ་བས་མོས་པ་ནི་ཁོ་ཚོ་ནི་ངའི་ཆེད་དུ་ལས་ཞིང་ཁོང་ཚོའི་དབུགས་དབྱུང་རེ་རེ་ངའི་དོན་དུ་འབྱིན་པ་ཞིག་ཡིན་ན་སྙམ་ ཡིན་ཀྱང་ངེས་པ་འདི་འདྲ་ཞིག་ཀྱང་ཡོད་སྲིད་དམ་མི་སྲིད་དེ། ཁོ་ཚོ་ཉིན་ལྟར་སྔ་ཞོག་ནས་གནས་འདི་གའི་སྤྱི་གླིང་དུ་སྤྲོ་གསེང་ལ་ཡོང་བ་དང་ངའི་ཚོར་བ་དེ་ཚོར་བཞིན་ངའི་གླུ་དབྱངས་དེ་ཉན་ལ་ངའི་བསམ་བློར་བསམ་ནས་ཡོད་པ་ཡིན།
ཡིན་ན་ཡང་ང་རང་ལ་སེམས་བཟོ་འདྲ་ཡང་འདུག་ཏེ། ངའི་དྲན་པར་ལྗང་མདོག་སྐྱེ་དངོས་དེ་ཚོར་ཡང་རང་ཉིད་དང་ནད་གཞི་གཅིག་པ་འགོས་འདུག། གལ་ཏེ་ཁོ་ཚོའི་ལུས་སྟེང་དུ་ལོ་མའི་རྫས་རྒྱུ་ཕུང་པོ་མེད་ཚེ། ཁོ་ཚོ་རྩི་ཤིང་ཡིན་མི་སྲིད་ལ་ལྗང་མདོག་ཀྱང་ཡིན་པར་མི་སྲིད་ལོ་མའི་རྫས་རྒྱུ་ཕུང་པོ་དེ་ཚོས་འོད་ལེན་བཟོ་གྲྭ་དེ་ལས་གཉེར་བྱེད་བཞིན། དབྱང་རླུང་བཟོས་ཏེ་ང་ཚོ་ཚང་མར་ལོངས་སྤྱོད་བྱེད་དུ་འཇུག་གིན་ཡོད། འོན་ཀྱང་དོན་དངོས་ཐོག། ལོ་མའི་རྫས་རྒྱུ་ཕུང་པོ་དེ་ཡང་ཁེར་རྐྱང་གི་ཚེ་སྲོག་ཤིག་ཡིན་ཞིང་། རང་ཉིད་ལ་དབང་བའི་རིགས་རྐྱེན་ཚོགས་པ་མཆིས་ལ། ཁོང་ཚོ་སོ་སོའི་རྒྱུད་སྤེལ་ཆ་འཕྲིན་ལ་ཨང་སྒྲིག་བྱེད་བཞིན་ཡོད།
ང་ཚོའི་ཕྲ་ཕུང་ལྟེ་བར་DNAཕོན་ཆེན་པོར་འཁྱེར་ནས་ཡོད་ཅིང་། གཅིག་བྱས་ན་ནི་ཕྲ་ཕུང་གི་མེས་པོ་མཉམ་དུ་འདྲེས་པ་དང་གདོད་མའི་སྐྱེ་དངོས་ལྷན་དུ་འཚོ་བ་གཉིས་གཅིག་ཏུ་སྒྲིལ་བའི་ལོ་ཟླའི་ནང་། ག་དུས་ཡིན་མིན་མ་ཤེས་པར་འདི་རུ་སླེབས་པ་ཞིག་ཡིན་གཤིས། ང་ཚོའི་རིགས་རྐྱེན་ཚོགས་པ་ནི་འབྱུང་ཁམས་ཆེན་པོའི་ག་ས་ག་ནས་ཡོང་བའི་སྣ་མིན་སྣ་ཚོགས་གི་བཀའ་བཀོད་བསྡུས་ཏེ། རྣམ་པ་སྣ་མིན་གྱི་བསམ་འདས་ཀྱི་གནས་ཚུལ་དག་ལ་ཨང་སྒྲིག་བྱས་པ་ཞིག་ཡིན། ང་རང་སོ་སོར་མཚོན་ན། རྒྱུད་འགྱུར་དང་དངོས་རིགས་གི་ཆགས་གྲུབ་བརྒྱུད་རང་ཉིད་ད་ལྟའི་སྐྱེ་དངོས་རིགས་དེར་འགྱུར་ཡོད། དེར་ངས་གཏིང་ནས་བཀའ་དྲིན་དུ་བསམ་མོད། འོན་ཀྱང་ལོ་འགའི་སྔོན་གཞན་གྱིས་ངར་དོན་དེ་རིགས་གླེང་མི་མྱོང་བའི་སྐབས་སུ།  ངའི་བསམ་པར་རང་ཉིད་ནི་ཁེར་རྐྱང་ཀྱི་གདོས་གཟུགས་ཤིག་ཏུ་སྙམ་བཞིན་ཡོད། ཡིན་ཡང་ད་ཆ་དེ་ལྟར་མི་བསམ་ལ། ད་རུང་ངའི་བསམ་པར་སུ་ཞིག་གིས་ཀྱང་དེ་ལྟར་བསམ་མི་རུང་སྙམ།
སའི་གོ་ལའི་སྟེང་ཚེ་སྲོག་གི་གཅིག་མཚུངས་རང་བཞིན་དེ་ཁོའི་སྣ་ཚོགས་ཀྱི་རང་བཞིན་ལས་དེ་བས་ཧང་སངས་དགོས་པ་ཞིག་རེད། འདི་འདྲའི་གཅིག་མཚུངས་རང་བཞིན་རྒྱུ་རྐྱེན་དུ་འགྲོ་ཤོས་ནི་འདི་འདྲ་སྟེ། ང་ཚོ་གང་ལྟར་ཡང་ཚང་མ་ཕྲ་ཕུང་རྐྱང་པ་ལས་འཕེལ་འགྱུར་བྱུང་བ་ཞིག་ཡིན་ཞིང་།  ཕྲ་ཕུང་དེ་ནི་གོ་ལ་གྲང་རེག་གི་མནར་སྐབས་སུ་འབྲུག་གློག་ཤིག་གིས་སྐད་ལས་བྱུང་བའི་ཚེ་སྲོག་ཡིན།  ཕྲ་ཕུང་ཨ་མ་དེའི་ཕྱི་རབས་ལས་དི་རིང་གི་ང་ཚོ་བྱུང་བ་དང་། དུས་ད་ཆ་ཡང་ང་ཚོའི་མཐའ་སྐོར་གི་ཚེ་སྲོག་དེ་ཚོར་རིགས་རྐྱེན་གཅིག་པ་འདྲ་མཆིས་མོད།  ཡིན་ནའི་རྩའི་རྩབས་དང་གཏུམ་ཉའི་རྩབས་དབར་གྱི་འདྲ་བའི་ཆོས་རྣམས་ནི་ཁོ་ཚོའི་རང་རིགས་དབར་རྒྱུད་སྤྲོད་ཀྱི་འདྲ་བའི་ཆ་དེའི་རྐྱེན་གྱིས་ཡིན་
ནད་དུག་དེ་སྔོན་མ་མིའི་སྣང་ངོར་བློ་གཅིག་སེམས་གཅིག་གིས་ནད་ཉམས་དང་འཆི་བ་འཁྱེར་ཡོང་མཁན་གྱི་བདག་པོ་དེ་ཡིན། འོན་ཀྱང་ད་ལྟ་ཁོར་འགུལ་བའི་རིགས་རྐྱེན་གྱི་སྣང་ཚུལ་འདྲ་འཆར་བཞིན་ཡོད། འཕེལ་འགྱུར་གྱི་བརྒྱུད་རིམ་ནི་ད་རུང་ཡང་དུས་ཡུན་རིང་ལ། སྙིང་པོ་ཅི་ནས་མེད་པའི་ཤོ་སྐོར་གཅིག་རེད། དེ་ནི་རྒྱལ་ཁ་ཅན་ཚོས་མུ་འཐུད་རྒྱག་ཆོག་པ་ཞིག་ཡིན་མོད། འོན་ཀྱང་ཁོའི་རྩེད་སྟངས་དེ་རིམ་བཞིན་གསོན་ཉམས་ཇེ་ལྡན་དུ་འགྲོ་བཞིན་མཆིས། ང་ཚོ་ནི་བྲོ་གར་གྱིས་མྱོས་པའི་ནད་དུག་ལས་གྲུབ་པའི་དཔུང་ཚོགས་ཤིག་གི་ནང་དུ་འཚོ་ཞིང་། ཁོ་ཚོ་ནི་སྦྲང་ནོར་བུ་དང་འདྲ་བར་སྐྱེ་དངོས་གཅིག་ནས་གཞན་ཞིག་གི་ནང་དུ་འཚང་ལ། རྩི་ཤིང་ནས་འབུ་སྲིན་དང་། དེ་ནས་འོ་འཐུང་སྲོག་ཆགས་དེ་ནས་ངའི་སྟེང་དུ་འཆོང་ཡོང་ཞིང་། མཐར་ཕྱིར་ལོག་བྱེད་ལ། སྐབས་རེ་མཚོ་ནང་དུ་འཆོང་བར་བྱེད། ཁོས་འདི་འདྲ་བའི་རིགས་རྐྱེན་ཚོགས་པ་འགའ་འདྲུད་ཀྱིན།  སླར་ཡང་ཕ་གི་འདྲ་བའི་རིགས་རྐྱེན་ཚོ་པ་འགའ་འཐེན་གྱིན་འདུག་ལ། DNAགྱི་སྙེ་དོག་འདྲ་ཡང་རྩ་སྤོས་བྱེད་བཞིན་མཆིས། དེ་ནི་སྟོན་མོ་ཆེན་པོ་ཞིག་ལ་ཚལ་གཏོང་བ་ལྟར་རྒྱུད་སྤེལ་གྱི་ཁྱད་ཆོས་རྣམས་རྒྱུད་སྤྲོད་བྱེད་པ་ཡིན། ཅིག་བྱས་ན་ཁོ་ཚོ་ནི་ནང་རྐྱེན་ཞིག་ཡིན་སྲིད་ཅིང། དེས་DNAགསར་པ་དང་ཐོལ་འགྱུར་ཅན་རྣམས་ང་ཚོའི་ཁྲོད་རྒྱ་ཆེར་འགྲོ་རྒྱུག་བྱེད། གལ་སྲིད་དངོས་གནས་དེ་ལྟར་སྣང་ཚེ་ང་ཚོས་གསོ་རིག་ཁྱབ་ཁོངས་ནང་ངེས་པར་ནན་དུ་དོ་སྣང་བྱེད་པའི་ཡ་མཚན་གྱི་ནད་དུག་རང་བཞིན་གྱི་ནད་གཞི་རྣམས་གློ་བུར་གྱི་དོན་རྐྱེན་ཅིག་ལ་བསམ་ཆོག་ཞིང་། དེ་ནི་ས་ཆ་ག་གེ་མོར་ཧར་ཧུར་བྱས་པ་ཞིག་རེད།
དེང་གི་དུས་སུ་ངས་རྒྱུན་དུ་གོ་ལ་དེ་སྐྱེ་དངོས་ག་གེ་མོ་ཞིག་ཡིན་པར་རྩི་འདོད། ཡིན་ན་ཡང་རྟག་ཏུ་བཤད་མི་བདེ་བར་སྐྲག་ལ། ངས་དེ་ལྟར་བསམ་མི་སྲིད། དེ་ནི་ཤིན་ཏུ་ཆེ་ཞིང་ལྷག་པར་རྙོག་འཛིང་ཆེ། དེ་བས་ལྷུ་ལག་མང་པོ་དེ་འདྲར་མངོན་གསུམ་གྱི་འབྲེལ་བ་ཅི་ནས་དཀོན། ཉིན་འགའི་སྔོན་གྱི་མཚན་མོ་ཞིག་ལ། ངས་རླངས་འཁོར་དེད་བཞིན་དབྱིན་གྰ་ལན་གསར་མའི་ལྷོ་ངོས་ནགས་ཚལ་སྟུག་པོའི་རི་བོ་དེ་བརྒལ་དུས།  ངས་བསྐྱར་དུ་དོན་དེར་བསམ་གཞིགས་བྱས་ཡོད། གལ་སྲིད་ཁོ་སྐྱེ་དངོས་ཤིག་མི་འདྲ་ན། ཁོ་ཅི་ཞིག་དང་འདྲ་འམ།  ཁོ་གང་དང་འདྲ་ཤོས་འདུག་གམ། གློ་བུར་ངས་གནས་སྐབས་ང་རང་བློ་ཁ་འཚིམ་པའི་ལན་ཞིག་དྲན་པོའི་ངོས་སུ་འཆར་བྱུང་སྟེ། ཁོ་ཕྲ་ཕུང་རྐྱང་པ་ཞིག་དང་འདྲ་ཤོས་ཡིན་འདུག།
ཡོང་ཁུངས།: 
<<ཕྲ་ཕུང་ཚེ་སྲོག་གི་མཆོད་བརྗོད།>>