ཚན་རིག་པས་ཚན་རིག་ཁྱབ་སྤེལ་གཏོང་དོན་ཅི།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-04-25 16

ལྟ་གྲངས།

145

ཁཱ་ཨར་ས་ཀན་(1934--)་ནི་ཨ་རིའི་གནམ་རིག་མཁས་ཅན་ཞིག་ཡིན་ལ། 1937་ལོར་ཁང་ནག་ཨར་སློབ་ཆེན་གྱི་གནམ་རིག་དང་བར་ཁམས་ཚན་རིག་(天文和空间科学)གི་སློབ་དཔོན་ཆེན་པོའི་འགན་ཁུར། ཁོང་གིས་གནམ་རིག་པའི་ཞིབ་འཇུག་གི་ཐད་ལ་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་ལ། སའི་གོ་ལའི་ཚེ་སྲོག་གི་འབྱུང་ཁུངས་དང། རྒྱུ་སྐར་རླུང་ཁམས། གོ་ལ་ཕྱིའི་ཚེ་སྲོག་སོགས་ཀྱི་ཐད་ལའང་ཞིབ་འཇུག་ཚད་ལྡན་བྱས་ཡོད། ཁོང་ནི་ཕུལ་བྱུང་བའི་ཚན་རྩལ་རྩོམ་པ་པོ་ཞིག་ཀྱང་ཡིན་ལ། གསར་རྩོམ་བྱས་པའི་བརྩམས་ཆོས་ལ་དག་ཞིང་གི་འབྲུག་དང་ཕཱོ་ལོ་ཁཱའི་ཀླད་པ་སོགས་ཡོད།

     དངོས་ཁམས་རིག་པ་བ་དང་ཁྱབ་ཁོངས་གཞན་དག་གི་ཚན་རིག་པ་རྣམས་ཀྱིས་དུས་ཚོད་དང་ནུས་པ་ཧ་ཅང་མང་པོ་སྤྱད་དེ་ཚན་རིག་གི་ཤེས་བྱ་ཁྱབ་སྤེལ་གཏོང་དགོས་དོན་ཅི། འདིར་བཤད་འདོད་པ་ནི་《ཨ་རིའི་ཚན་རིག》ཅེས་པའི་དཔེ་དེབ་ལ་རྩོམ་རེ་གཉིས་འབྲི་འདོད་པ་མིན་ལ། དངོས་གཞིའི་སློབ་མར་ཤེས་བྱའི་འཇུག་སྒོ་ཙམ་འཁྲིད་འདོད་པའང་མིན་པར། ཚགས་པར་དང་བརྙན་འཕྲིན། དུས་དེབ། སྤྱིར་བཏང་གི་སྤྱི་བའི་འཆད་ཁྲིད་སོགས་ལ་བརྟེན་ནས་ཚན་རིག་གི་ཤེས་བྱ་དང་ཚན་རིག་གི་ཐབས་ཤེས་དར་སྤེལ་གཏོང་བའི་ཆེད་དུ་ཡིན། ཚན་རིག་ཞིབ་འཇུག་ཀྱི་མ་དངུལ་གཙོ་བོ་ནི་སྤྱི་བའི་གསོག་དངུལ་ཡིན་ཞིང་། དེ་ལས་གནས་ཚུལ་ཞིག་གི་ཟུར་སྣེ་མཐོང་ཐུབ་སྟེ། ཚན་རིག་པ་རྣམས་ཀྱིས་ཁྲལ་བསྡུ་བ་ལ་རང་ཉིད་ཀྱིས་བསྒྲུབས་ཟིན་པའི་ལས་ཀ་རྣམས་འགྲེལ་བཤད་བྱེད་དགོས་ཀྱིན་འདུག ཕྱོགས་འདི་ནས་བལྟས་ཚེ་གནས་ཚུལ་བསམ་ཚོད་ལས་འདས་པ་ཞིག་རྟོགས་ཐུབ་སྟེ། ཚན་རིག་པ་ཕལ་མོ་ཆེས་ཚན་རིག་ཁྱབ་སྤེལ་གྱི་ལས་ཀ་ཁོ་ན་བྱེད་ཀྱིན་མེད། ཕྱོགས་ཆེ་ས་ཞིག་ནས་བལྟས་ན། འདི་ཚན་རིག་ནི་སྤྱི་ཚོགས་དང་འབྲེལ་བ་ཆེན་པོ་ཡོད་དེ།དྲོད་ཁང་གི་ནུས་པ་དང་དྲི་ངན་དབྱང་རིམ་གྱི་དུང་། (臭氧层空洞) ཉིང་རྡུལ་འགྲན་བསྡུར། ཨེ་ཙི་འགོས་ནད་སོགས་ཀྱི་གནས་ཚུལ་ཐག་གཅོད་དགོས་ན་གཙོ་བོ་ཚན་རིག་ལ་རག་ལས་ཤིང་། ཚན་རིག་གི་མཇུག་འབྲས་ཀྱིས་དེ་དག་ལ་གནད་དོན་བསྐྱེད་སྲིད་ལ་སྐབས་རེར་གནད་དོན་ཚབས་ཆེན་དུའང་གཏོང་སྲིད། དུས་མཚུངས་སུ་ཚན་རིག་གི་ཞིབ་འཇུག་གཏིང་ཟབ་པ་མེད་ན། གནས་ཚུལ་དེ་རྣམས་ཐག་གཅོད་བྱེད་ཐབས་རྩ་བ་ནས་མེད་པའང་ཤེས། ང་ཚོའི་ཉེན་ཁ་ངོ་མ་ནི་ང་ཚོས་ཚན་རིག་དང་ལག་རྩལ་ལ་བརྟེན་པའི་སྤྱི་ཚོགས་ཤིག་བཟོས་ཀྱང་། ཚན་རིག་དང་ལག་རྩལ་རྟོགས་མཁན་མེད་པ་དེ་རེད། དེ་ནི་གནས་ཚུལ་གྱི་“འགག་རྩ་”རེད། (དཔེར་ན། རྒྱལ་ཁབ་ཀྱི་ཚོགས་ཞུགས་མི་སྣའི་ནང་ཚན་རིག་པ་ཧ་ཅང་ཉུང་།) ཡིན་ཡང། ངས་འདི་གར་གྲོས་མོལ་བྱེད་འདོད་པ་ནི་ཚན་རིག་ཁྱབ་སྤེལ་གྱི་རྒྱུ་རྐྱེན་གཞན་དག་ཡིན་ལ། ཚན་རིག་ཁྱབ་སྤེལ་གྱི་བྱ་བ་འདི་དག་ནི་ཚན་རིག་པའི་ལས་རིམ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།

     ང་ཚོ་ནི་བསམ་བློ་གཏོང་ཤེས་པའི་སྲོག་ཆགས་ཤིག་ཡིན་ལ། འདི་ཏག་ཏག་ང་ཚོའི་ལེགས་ཆ་རེད། ང་ཚོ་ནི་སྲོག་ཆགས་གཞན་དང་འདྲ་བར་མགྱོགས་ཤིང་རྫུན་སྨྲ་བ། དུང་བརྐོ་བ། འཕུར་བ། ཆུ་རྐྱལ་བ་སོགས་མི་ཤེས་ཀྱང་། ངེད་རྣམས་བསམ་བློ་གཏོང་བར་མཁས། དེར་མ་ཟད། ང་ཚོ་ལག་གཉིས་ལ་བརྟེན་ནས་གསར་བཟོ་བྱེད་པར་དགའ། འདི་ནི་ང་ཚོའི་དམིགས་གསལ་གྱི་ལྷན་སྐྱེས་ཀྱི་ནུས་པ་ཡིན་ལ། མིའི་རིགས་རྒྱུན་མཐུན་ཐུབ་པའི་རྒྱུ་རྐྱེན་ཡང་ཡིན། གལ་ཏེ་ང་ཚོས་རང་ཉིད་ཀྱིས་ནུས་པ་འདི་དག་བེད་སྤྱད་དེ་མི་གཞན་ལ་སྐུལ་སློང་མ་བྱས་ཚེ། ང་ཚོས་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ནུས་པ་དེ་ཁས་ལེན་མ་བྱས་པ་རེད། དེར་བརྟེན། བདག་གིས་བསམ་བློ་གཏོང་བར་སྐུལ་མ་མ་བྱས་པའི་མི་ནི་སྐྱོ་འོས་པ་ཞིག་རེད་བསམ། འཇིག་རྟེན་ཁམས་ནས་བསམ་བློ་གཏོང་ཤེས་པ་ནི་ལོངས་སྤྱོད་ཅིག་རེད། ང་ཚོས་དུས་རྟག་དུ་མཐོང་ཐུབ་པ་ལ། སྤྱིར་བཏང་གི་མི་རྣམས་ཀྱིས་སྔོན་ཆད་ཤེས་མ་མྱོང་བའི་རང་བྱུང་གི་ཤེས་བྱ་སྟེ། དཔེར་ན་ནམ་མཁའ་སྔོན་མོ་ཡིན་པའི་རྒྱུ་མཚན་དང་། ཟླ་བ་སྒོར་མོ་ཡིན་པའི་རྒྱུ་མཚན། ང་ཚོ་ལ་རྐང་མཛུབ་ཡོད་པའི་རྒྱུ་མཚན་སོགས་ཤེས་ཡོང་དུས། ཁོ་ཚོ་ལ་སྤྲོ་བ་ཚད་མེད་སྐྱེ་བཞིན་ཡོད། སྤྲོ་བ་འདི་དག་ནི་གཅིག་ནས་ཤེས་བྱ་རང་སྟེང་གི་ནུས་པ་ཡིན་ལ། གཉིས་ནས་ཤེས་བྱ་འདི་དག་གིས་མི་རྣམས་ལ་སྐྱེ་སྟོབས་ཀྱི་སྐུལ་མ་བཏང་པས་ཡིན། མི་དེ་དག་གིས་ཁོ་ཚོ་ནི་མི་གཞན་དག་གིས་འདོད་པ་ཇི་བཞིན་བསླབ་ཀྱང་མི་ཤེས་པ་ཞིག་མིན་པ་ཤེས་ཡོད། ཡིན་ནའང་ང་ཚོའི་སློབ་གསོའི་མ་ལག་ཀྱིས་གསོ་སྐྱོང་བྱས་པའི་མི་མང་པོ་ཞིག་གིས་ཁོ་ཚོར་བསམ་བློ་གཏོང་བའི་སྐྱེ་སྟོབས་དེ་འདྲ་མེད་པར་འདོད་ཡོད། ཚན་རིག་ནི་ཤེས་བྱའི་རང་གཟུགས་(本体)ཡིན་ལ། བསམ་བློ་གཏོང་ཐབས་ཤིག་ཀྱང་ཡིན། བསམ་བློ་དེ་འདྲ་ལ་དོགས་སློང་ནན་པོ་དང་བསམ་བློ་གསར་པ་མཉམ་བསྲེས་ཀྱི་ཁྱད་ཆོས་ཡོད། སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད། ཆོས་ལུགས་སོགས་ཁོངས་སུ་གཏོགས་པའི་ང་ཚོའི་འཚོ་བའི་ཟུར་ངོས་རེ་རེར་ཚན་རིག་མི་དགོས་པ་གཅིག་ཀྱང་མེད། ཚན་རིག་ནི་ཀླད་པའི་བརྟག་དཔྱད་ཅིག་ཀྱང་ཡིན་ལ། ན་ཆུང་ཚོས་སྟབས་བདེ་པོས་དང་ལེན་བྱེད་སྲིད། ཚན་རིག་གིས་གཞོན་ནུ་ཚོར་བློ་འགུགས་དམིགས་བསལ་པ་ཐོན་དོན་ནི་མ་འོངས་བ་ གཞོན་ནུ་ཚོར་དབང་ལ། ཁོ་ཚོས་ཚན་རིག་དང་མ་འོངས་ཀྱི་འཚོ་བ་གཉིས་དམ་པོར་འབྲེལ་ཡོད་པ་ཤེས་ཡོད། རིག་གནས་ཚང་མར་སྲིད་པ་ཆགས་པའི་ལྷ་སྒྲུང་རེ་ཡོད་ལ། སྐབས་རེར་མི་ལེགས་པ་ཡོད་ཀྱང་སྤྱིར་དེ་ནི་ཤིན་ཏུ་ཡག་པོ་རེད། ལྷ་སྒྲུང་དེ་རིགས་ཀྱིས་ང་ཚོའི་འབྱུང་ཁུངས་བརྗོད་པར་བྱེད་དེ། མི་རིགས་དང་། མིའི་རིགས། འབྱུང་བ། སའི་གོ་ལ། ཉི་མ། སྐར་མ། རྒྱུ་སྐར་སོགས་ཇི་ལྟར་བྱས་ནས་བྱུང་བ་བཤད་ལ། དེ་དག་ཁྲོད་ཀྱི་གལ་ཆེ་ཤོས་ཤིག་ནི་སྲིད་པ་འགོ་ཚུགས་ས་གང་ཡིན་པའི་སྐོར་རེད། འཛམ་གླིང་སྟེང་གི་གཏམ་རྒྱུད་དང་ལྷ་སྒྲུང། རྨོངས་དད། ཆོས་ལུགས་སོགས་ནི་ང་ཚོ་མིའི་རིགས་ཀྱི་རྩོམ་རིག་གི་བརྩམས་ཆོས་གྲགས་ཆེན་ཡིན་ལ། དེ་དག་གིས་ གནད་དོན་གཏིང་ཟབ་པ་འདི་རིགས་ལ་ལན་བཙལ་ཡོད། གནད་དོན་དེ་དག་ཚང་མར་ཚན་རིག་གིས་ཀྱང་འབྲེལ་ཡོད་ཀྱི་ལན་རེ་སྤྲད་དེ། མིའི་རིགས་ཀྱི་གནའ་མིའི་དགོས་མཁོ་ཇི་བཞིན་དུ་བསྐངས་ཡོད། བརྙན་འཕྲིན་མུ་འབྲེལ་ཟློས་གར་《སྲིད་པ།》 ཞེས་པས་ཡུལ་གྲུ་ཀུན་ལ་གྲགས་འགུལ་བསླངས་མྱོང་ལ། དེས་མི་རྣམས་ལ་ཐེབས་པའི་ཤུགས་རྐྱེན་ནི་ཆོས་ལུགས་དང་འདྲ་པོ་རེད།

     གོང་དུ་བརྗོད་པའི་རྒྱུ་རྐྱེན་དེ་དག་གི་རྐྱེན་གྱིས་གལ་སྲིད་དུས་རབས་རྗེས་མར་འཚོ་བ་ལེགས་ཙམ་བསྐྱལ་འདོད་ན། ངེས་པར་རྒྱལ་དམངས་ཀྱི་བསམ་བློ་དང་གོ་རྟོགས་ལ་ཐུགས་ཁུར་བྱ་འོས་ལ། དུས་མཚུངས་སུ་མ་འོངས་པར་འཆར་འགོད་བྱ་དགོས། ཚན་རིག་ནི་གོང་གི་དམིགས་ཡུལ་དག་འགྲུབ་པར་མེད་དུ་མི་རུང་བའི་ལག་ཆ་ཡིན་ཏེ། དེ་ནི་ཆེད་མཁས་པས་གླེང་མོལ་བྱེད་པའི་ཚན་རིག་ཡིན་པ་མ་ཟད། མིའི་རིགས་སྤྱི་ཚོགས་ཀྱིས་རྟོགས་ནུས་ཤིང་དང་ལེན་བྱ་སྲིད་པའི་ཚན་རིག་ཡིན་པས། ཚན་རིག་པས་ཚན་རིག་ཁྱབ་སྤེལ་མ་བྱས་ཚེ་གཞན་སུ་ཞིག་གིས་བྱ།