ཚན་རིག་གི་རྣམ་བཤད།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-04-26 14

ལྟ་གྲངས།

188

      དེང་སྐབས་འཚོ་བའི་ཁྲོད་དུ། ཚན་རིག་ལ་ཡིད་འཇོག་དང་བརྩི་མཐོང་ཆེན་པོ་བྱེད་ཀྱིན་འདུག་ལ། སྐྱེ་བོ་ཕལ་ཆེ་བར་དད་སེམས་དེ་འདྲ་ཞིག་ཡོད་དོན་ནི་ཁོ་ཚོས་ཚན་རིག་དང་ཚན་རིག་གི་ཐབས་ལམ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་འདོད་པས་རེད། སྒྲུབ་བྱེད་དང་རིགས་འདེད་ཡང་ན་ཞིབ་འཇུག་གང་རུང་ཞིག་ཚན་རིག་དང་མཐུན་ཞེས་བརྗོད་དགོས་དོན་གཙོ་བོ་ནི། དེ་དག་གི་སྟེང་དུ་དགེ་མཚན་ནམ་ཡང་ཁུངས་ལུང་བཙན་པོ་གང་རུང་ཞིག་ཡོད་པ་གསལ་བཤད་བྱ་ཕྱིར་རེད། གལ་སྲིད་ཡོད་པའི་དབང་དུ་བཏང་ན། ཚན་རིག་ལ་དོན་དངོས་སུ་ཁྱད་པར་ཅན་གྱི་གྲུབ་ཆ་གང་ལྡན་ཡོད་དམ། ཚན་རིག་གི་ཐབས་ལམ་ཞེས་བསྔགས་བརྗོད་བྱ་ཞིང་ཁུངས་གཏོད་རུང་པར་ངོས་འཛིན་པ་དེ་ཡང་སྙིང་ཅི་ཡིན་ནམ། དཔེ་དེབ་འདིའི་ནང་དུ་ང་ཚོས་གནད་དོན་དེ་དག་ལ་གཞིགས་ནས་གསལ་བཤད་དང་འགྲེལ་བཤད་བྱས་ཡོད།

     རྣམ་ཀུན་འཚོ་བའི་ཁྲོད་དུ་ཚན་རིག་ལ་བརྩེ་འཇོག་ཆེན་པོ་བྱེད་དོན་གསལ་བོ་ཤེས་ཀྱང་། མི་འགའ་རེས་ཚན་རིག་ལ་དགའ་ཞེན་ཆེན་པོ་དེ་འདྲ་མེད་དོན་ནི་ཁོ་ཚོས་ཉིང་རྡུལ་ཚ་བའི་མཚོན་ཆ་དང་ཁོར་ཡུག་བཙོག་སྐྱོན་སོགས་བྱུང་དོན་ནི་ཚན་རིག་རེད་འདོད་ཀྱིན་ཡོད་པས་རེད། བརྡ་ཁྱབ་གིས་རྟག་པར་དངོས་རྫས་གང་རུང་ཞིག་ལ་ནུས་པ་ཁྱད་མཚར་ཡོད་པ་ཚན་རིག་གིས་བདེན་དཔག་བྱས་ཡོད་ཟེར་ལ། འདི་ལྟར་བརྗོད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཁོ་ཚོ་རང་ཉིད་ཀྱི་སྒྲུབ་བྱེད་ནི་ཁུངས་བཙན་ལ། གཞན་གྱིས་ངོ་རྒོལ་བྱེད་མི་ཐུབ་པ་གསལ་བཤད་བྱ་ཕྱིར་ཡིན། ཉེ་ཆར་ཚགས་པར་ཞིག་གི་སྟེང་དུ་ཡེ་ཤུའི་ཆོས་ལུགས་ཁྱབ་བསྒྲགས་ཀྱི་བརྡ་ཁྱབ་ཅིག་བཀོད་འདུག འདིའི་ནང་དུ་ཡང་གོང་གསལ་དང་མཚུངས་པར། ཁ་བྱང་དུ་“ཚན་རིག་གི་ཐོག་ནས་ཀྱང་དམ་པའི་གསུང་རབ་ནི་དངོས་ཡོད་ཡིན་པ་ར་སྤྲོད་བྱ་ཐུབ་”ཅེས་བཀོད་འདུག་ལ། སླར་ཡང་ང་ཚོར་“ཐ་ན་ཚན་རིག་པ་རྣམས་ཀྱིས་ཀྱང་འདིར་ཡིད་ཆེས་ཆེན་པོ་ཡོད་”ཅེས་བཤད་ཅིང་། ཐད་ཀར་ཚན་རིག་དང་ཚན་རིག་པའི་དབང་གྲགས་བཀོད་ཡོད། འོན་ཀྱང་། ང་ཚོས་འདྲི་འདོད་པ་ཞིག་ལ། དབང་གྲགས་འདིའི་རྨང་གཞི་གང་ཡིན་པ་དེ་རེད། ཚན་རིག་ལ་བརྩི་བཀུར་བྱེད་པ་དེ་རྣམ་ཀུན་འཚོ་བ་དང་དྲིལ་བསྒྲགས་ཁ་ཤས་ཀྱི་ལག་ཆ་ཁོ་ན་ཙམ་མ་ཡིན་པར། སློབ་གསོའི་སྡེ་ཁག་ནང་དུ་ཡང་ཧ་ཅང་གསལ་པོ་ཡིན། ཞིབ་འཇུག་གི་ཁྱབ་ཁོངས་མང་པོ་ཞིག་གིས་རང་ཉིད་ཀྱི་རྒྱབ་སྐྱོར་བར་ཚན་རིག་འཇོག་སྟེ། དེ་ནི་ཁོ་ཚོའི་ཞིབ་འཇུག་གི་ཐབས་ལམ་ནི་སྲོལ་རྒྱུན་གྱི་ཚན་རིག (དངོས་ལུགས་རིག་པ) ལྟར་རྨང་གཞི་སྲ་བརྟན་ཡོད་ཅིང་འབྲས་བུ་འབྱུང་སྲིད་པ་མཚོན་པའི་ཆེད་རེད། དེང་སྐབས་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་ནི་ཧ་ཅང་རྒྱུན་སྤྱོད་ཀྱི་གཞུང་ལུགས་ཤིག་ཡིན་ལ། མཱ་ཁེ་སེ་རིང་ལུགས་ཀྱི་རྗེས་འཇུག་པས་ཀྱང་ལོ་རྒྱུས་དངོས་གཙོ་རིང་ལུགས་ནི་ཚན་རིག་དང་མཐུན་ཞེས་བཤད་ཀྱིན་ཡོད་ཅིང་། གཞན་ཡང་། དཔེ་མཛོད་རིག་པ་དང་། དོ་དམ་ཚན་རིག གཏམ་བཤད་ཚན་རིག ནགས་ཚལ་ཚན་རིག འོ་རྫས་ཚན་རིག ཤ་ཁྲག་གི་ཚན་རིག ཐ་ན་དུར་མཆོད་ཚན་རིག་སོགས་ནི་ཉེ་ཆར་ཨ་མེ་རི་ཁའི་སློབ་ཆེན་ཁག་ཏུ་སློབ་ཁྲིད་བྱེད་བཞིན་པའི་སློབ་ཚན་ཡིན། སྡེ་ཁག་དེ་ཚོའི་ཁྲོད་ཀྱི་རང་ཉིད་ཚན་རིག་པ་ཡིན་ཞེས་སྨྲ་མཁན་ཁ་ཤས་ཀྱིས་རང་ཉིད་ནི་དངོས་ལུགས་རིག་པའི་ཉམས་མྱོང་དང་ཐབས་ལམ་བརྩི་སྲུང་བྱེད་མཁན་ཡིན་པ་དང་། ཐབས་ལམ་དེ་ནི་གཤམ་གསལ་གྱི་གྲུབ་ཆ་གཉིས་ཀྱིས་གྲུབ་པར་ངོས་འཛིན་བྱེད་དེ། གྲུབ་ཆ་གཅིག་ནི་ཞིབ་ཕྲའི་ལྟ་ཞིབ་དང་དངོས་སྦྱོང་ལས་བསྡུ་རུབ་བྱས་པའི་དོན་དངོས་ཡིན་པ་དང་། ཅིག་ཤོས་ནི་དོན་དངོས་ཁྲོད་ནས་ཐོབ་པའི་གནས་ལུགས་ཡིན། ལོ་རྒྱུས་ཚན་ཁག་ཏུ་ཡོད་པའི་ངའི་ལས་རོགས་ཤིག་གིས་ཀྱང་ཉམས་མྱོང་སྨྲ་བ་དང་ལེན་བྱས་འདུག་ལ། ཁོས་ཉེ་ཆར་ང་ལ་“དེང་སྐབས་ཨོའོ་སེ་ཁྲུ་ལེ་ཡ་ཡི་ལོ་རྒྱུས་འབྲི་མི་སྲིད་དེ། ང་ཚོར་དོན་དངོས་མང་པོ་སྟོན་རྒྱུ་མེད་པས་ཡིན་”ཞེས་བཤད་བྱུང་། ཆི་ཁ་སྒོ་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་མདུན་ངོས་སུ། “གལ་ཏེ་ཁྱོད་ཀྱིས་ཚད་འཇལ་མི་ནུས་ཚེ། ཁྱོད་ཀྱི་ཤེས་རིག་ནི་ཉུང་ཞིང་གཞན་གྱིས་དགའ་མགུ་བྱ་མི་སྲིད། ”ཅེས་བཀོད་འདུག སྨོས་མ་དགོས་པ་ཞིག་ལ། ཞིབ་འཇུག་ཁང་གི་སྡོད་མི་ཚོས་རང་ཉིད་དེང་རབས་ཅན་གྱི་ཚོད་ལྟ་ཁང་ནང་དུ་བཅུག་སྟེ། གྲངས་ཀའི་བཟོས་པའི་ལྕགས་སྒྲོམ་མང་པོ་ལས་ཕྱིའི་འཇིག་རྟེན་དུ་བལྟ་བཞིན་ཡོད་མོད། མི་འདི་ཚོས་བརྩོན་འགྲུས་ཆེན་པོས་བརྩི་སྲུང་བྱེད་བཞིན་པའི་ཐབས་ལམ་འདིར་གྲུབ་འབྲས་ཐོབ་སྲིད་མིན་ང་ཚོས་ནམ་ཡང་རྟོགས་མི་ཐུབ།

     གོང་དུ་བཤད་པའི་འདོད་ཚུལ་ནོར་འཁྲུལ་དེ་དག་དཔེ་དེབ་དེའི་ས་བཅད་སྔ་མ་དག་གི་ནང་དུ་གསལ་བཤད་བྱས་ཡོད། དེང་རབས་ཀྱི་ཚན་རིག་མཚན་ཉིད་རིག་པ་སྨྲ་བ་རྣམས་ཀྱིས་ཐབས་ལམ་འདིར་སྐྱོན་ཆ་གང་རུང་ཡོད་པ་གསལ་པོ་རྟོགས་ཡོད་ཤས་ཆེ། ཚན་རིག་མཚན་ཉིད་རིག་པའི་འཕེལ་རྒྱས་ཁྲོད་དུ། བརྟན་ཞིང་གཡོ་བ་མེད་པའི་དཀའ་ངལ་འགའ་ཞིག་མངོན་གསལ་དོད་པོས་ནན་བཤད་བྱས་ཡོད་ལ། དཀའ་ངལ་དེ་དག་ནི་གཤམ་གསལ་གྱི་ལྟ་བ་དང་འབྲེལ་འདྲིས་ཆེ་སྟེ། གཅིག་གིས་ཚན་རིག་ནི་ལྟ་ཞིབ་དང་ཚོད་ལྟ་བརྒྱུད་ནས་ཐོབ་པའི་ཁུངས་བཙན་གྱི་རྨང་གཞི་ཡིན་པར་ངོས་འཛིན་ཞིང་། ཡང་གཞན་ཞིག་གིས་རིགས་འདེད་ཀྱི་གོ་རིམ་ཁ་ཤས་ནི་རྨང་གཞིའི་ཤེས་བྱས་རིགས་འདེད་བྱས་ཆོག་པར་འདོད། འོན་ཀྱང་།ཚན་རིག་གི་རིག་གཞུང་འདི་མངོན་སུམ་དུ་གནས་པ་དང་། མངོན་འགྱུར་ཡོང་སྲིད་པ་ར་སྤྲོད་བྱ་ཐུབ་པའི་ཐབས་ལམ་གང་ཡང་མེད་དོ། དཔེ་དེབ་འདིའི་མཇུག་ཏུ། ང་ཚོས་ཚན་རིག་གི་གཞུང་ལུགས་བདེན་པ་མ་ཡིན་པ་སྒྲུབ་ཐབས་མེད་པ་ཤེས་རྗེས། ཚན་རིག་གི་ཐབས་ལམ་བསྒྱུར་བཅོས་ཤིག་བྱས་ཚེ་དཀའ་ངལ་མང་པོ་འཕྲད་སྲིད་པ་བཤད་ཡོད། ཚན་རིག་གི་གཞུང་ལུགས་མངོན་སུམ་ཡིན་མིན་ར་སྤྲོད་མི་ཐུབ་པར་ངོས་འཛིན་པ་ནི་གཙོ་བོ་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པའི་ངོས་ནས་བསམ་བློ་བཏང་བ་ཡིན་ལ། ཁ་ཤས་ནི་ཚན་རིག་གི་ལོ་རྒྱུས་དང་དེང་རབས་ཚན་རིག་གི་གཞུང་ལུགས་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཏེ་བྱུང་བ་ཡིན། ཚན་རིག་གི་ལོ་རྒྱུས་ལ་དོ་སྣང་མང་ཙམ་བྱ་རྒྱུ་དེ་ཚན་རིག་གི་གཞུང་ལུགས་འཕེལ་རྒྱས་ཁྲོད་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་ལ། ཚན་རིག་མཚན་ཉིད་རིག་པ་སྨྲ་བ་མང་པོ་ཞིག་གི་ངོས་ནས་བརྗོད་ན་མཇུག་འབྲས་ངན་པའང་ཐོན་སྲིད་དེ། རྣམ་ཀུན་ཚན་རིག་གི་ལོ་རྒྱུས་ཁྲོད་དུ་གོང་འཕེལ་གྱི་མཚོན་རྟགས་ཡིན་པའི་དོན་ཆེན་མང་པོ་ཞིག་སྟེ། དཔེར་ན་ཏཱ་ཝེར་སོགས་ཀྱི་གསར་གཏོད་ནི་མཚན་ཉིད་རིག་པ་སྨྲ་བ་རྣམས་ཀྱིས་བརྗོད་པའི་ཐབས་ལམ་སྤྱད་ནས་གྲུབ་པ་མིན། དེར་བརྟེན། ཚན་རིག་གི་གཞུང་ལུགས་ར་སྤྲོད་བྱ་ཐབས་བྲལ་བ་དང་། མཚན་ཉིད་རིག་པ་བ་དང་ཚན་རིག་པའི་བསམ་ཚུལ་བར་ལ་འདྲ་བའི་ཆ་ཧ་ཅང་ཉུང་བ་ཤེས་རྗེས། ཚན་རིག་ཤུལ་དུ་བསྐྱུར་བ་ནི་དམིགས་གསལ་གྱི་ཐབས་ལམ་ག་གེ་མོ་ལ་བརྟེན་ནས་གྲུབ་པའི་ཤེས་རྟོགས་ཀྱི་ལྟ་བ་ཞིག་ཡིན་པ་ཤེས། སྣང་ཚུལ་འདི་རིགས་བྱུང་བའི་རྐྱེན་གྱིས་ཉེ་ཆར་མཚན་ཉིད་རིག་པ་བ་དང་འཁྲབ་སྟོན་བ་བྷོར་ཕེ་ཡེ་ཨ་པིན་ཏེ་ཡིས《ངོ་རྒོལ་བྱ་ཐབས། སྲིད་གཞུང་མིན་པའི་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད།》ཅེས་པའི་དེབ་གཅིག་དང་《ཚན་རིག་མཚན་ཉིད་རིག་པ། རླབས་ཆེན་གྱི་ལོ་རྒྱུས་ལྡན་པའི་རིག་ཚན་ཞིག》ཅེས་པའི་རྩོམ་ཡིག་ཅིག་བརྩམས་ཡོད། རྩོམ་ཡིག་དེ་དག་ལ་གཞིགས་ན་ཚན་རིག་ལ་དངོས་གནས་སྙན་ངག་དང་སྐར་རྩིས་ལས་ཁྱད་པར་ཆོད་པའི་ཁྱད་ཆོས་གང་ཡང་མེད། ད་ཆ་ཚན་རིག་ལ་བརྩི་བཀུར་ཆེན་པོ་བྱ་བ་དེ་དེང་རབས་ཀྱི་ཆོས་ལུགས་ལ་བརྩི་བཞིན་ཡོད་དེ། སྔོན་མའི་ཡོ་རོབ་ཀྱི་ཡེ་ཤུའི་ཆོས་ལུགས་དང་ནུས་པ་གཅིག་མཚུངས་འདོན་གྱིན་འདུག དེབ་འདིས་རྟོག་བཅས་རིང་ལུགས་མིན་པའི་ཕྱིར་བཤོལ་བྱ་སྟངས་དང་ལེན་བྱས་མེད་པར། དེ་ལས་ལྡོག་སྟེ་ཚན་རིག་ནི་དམིགས་བསལ་གྱི་རྗེས་དཔག་བྱ་སྟངས་ཤིག་དང་། དེས་སྲོལ་རྒྱུན་གྱིས་ཐག་གཅོད་མི་ཐུབ་པའི་དཀའ་ངལ་དག་ལ་མནོ་བསམ་བཏང་བ་སོགས་ལ་རྒྱས་བཤད་བྱས་ཡོད། ཚན་རིག་མཚན་ཉིད་རིག་པར་རང་ཉིད་ཀྱི་ལོ་རྒྱུས་ཡོད་དེ། དེ་ཡིས་དེང་རབས་ཚན་རིག་གི་ཐབས་ལམ་གྱི་གསར་གཏོད་པ་སུ་ཡིན་པ་གསལ་བཤད་བྱས་ཡོད་ལ། དམིགས་ཡུལ་འདི་ནི་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལྟ་ཞིབ་བྱས་ཏེ། དོན་དངོས་འཚོལ་བསྡུ་དང་། དེའི་ཁྲོད་ནས་གཞུང་ལུགས་རིགས་འདེད་བྱས་པ་བརྒྱུད་ནས་གྲུབ་པ་ཡིན། དེའི་རྗེས་ནས་བཟུང་། ཕེལ་ཀན་གྱི་གཞུང་ལུགས་ལ་མི་འགའ་རེས་བཟོ་བཅོས་དང་། ཡང་མི་འགའ་རེས་འགྲན་རྩོད་བྱས་ཡོད་དེ། དེའི་ཁྲོད་ཀྱི་གཏན་ཚིགས་དངོས་དཔང་རིང་ལུགས་ལ་ཉམས་ཞིབ་དང་གསལ་བཤད་བྱ་བར་སྤྲོ་བ་ཆེན་པོ་ཡོད་དེ། རིག་ཚན་དེ་ནི་དུས་རབས་འདིའི་མགོར་ཝེ་ཡའེ་ན་ནས་དར་བ་དང་། དེང་སྐབས་ཀྱང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། གཏན་ཚིགས་དངོས་དཔང་རིང་ལུགས་ནི་ཉམས་མྱོང་སྨྲ་བའི་ནང་གི་ཐལ་དྲགས་པའི་རྣམ་པ་ཞིག་ཡིན་ཏེ། དེའི་ཁྲོད་དུ་གཞུང་ལུགས་ཀྱི་ལྟ་ཞིབ་བརྒྱུད་ནས་ཐོབ་པའི་དོན་དངོས་ཡིན་དགོས་ཤིང་། རིགས་འདེད་བྱས་ཏེ་འགལ་བ་མེད་པའི་ཚད་ལ་སླེབས་ཚེ་ད་གཟོད་དོན་སྙིང་ལྡན་པར་བརྩིས་ཡོད། རང་ཉིད་ཀྱི་ངོས་ནས་བརྗོད་ན། དངོས་དཔང་རིང་ལུགས་ལ་སོམ་ཉི་བྱ་དགོས་པའི་ཆ་གཉིས་འདུག་སྟེ། གཅིག་ནི་གཞུང་ལུགས་ཐོག་མར་བྱུང་དུས། ཚད་རྡུལ་དངོས་ལུགས་རིག་པ་དང་ཨའེ་དབྱིན་སེ་ཏན་གྱི་ལྟོས་བཅས་སྨྲ་བ་བྱུང་བའི་རྐྱེན་གྱིས་དངོས་ལུགས་རིགས་པས་གང་ནུས་ཀྱིས་དངོས་དཔང་རིང་ལུགས་ཀྱི་ཕྱོགས་སུ་མཐུན་ཐབས་བྱེད་བཞིན་ཡོད་པ་དང་། གཞན་ཞིག་ནི་1934ལོར། ཁཱར་སྤོ་ཕུར་དང་ཅཱ་སེ་ཏུང་པ་ཤེ་ལར་གཉིས་ཀྱིས་ཝེ་ཡའེ་ན་དང་ཧྥ་རན་སི་ནས་དེབ་བརྩམས་ཏེ། དངོས་དཔང་རིང་ལུགས་ལ་སུན་འབྱིན་བྱས་ཡོད། འོན་ཀྱང་དངོས་དཔང་རིང་ལུགས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད། སྐབས་དེར་སྤོ་ཕུར་དང་པ་ཤེ་ལར་གཉིས་ཀྱི་གསུང་རྩོམ་ལ་སྣང་འཇོག་བྱ་མཁན་མ་བྱུང་ལ། ཉེ་ཆར་གཞི་ནས་ཡིད་འཇོག་བྱ་མཁན་བྱུང་ཡོད། ཡ་མཚན་སྐྱེ་དགོས་པ་ཞིག་ལ། ཨེ་ཡེར་གྱིས་《སྐད་ཡིག་དང་བདེན་དོན། གཏན་ཚིགས།》ཞེས་པའི་དེབ་དེ་བརྒྱུད་ནས་དབྱིན་ཇིར་གཏན་ཚིགས་དངོས་དཔང་རིང་ལུགས་ངོ་སྤྲོད་བྱས་པས་ཁོང་ཡང་སྙན་གྲགས་གང་སར་ཁྱབ་པའི་མཚན་ཉིད་རིག་པ་བ་ཞིག་ཏུ་གྱུར། འོན་ཀྱང་ཁོང་གིས་སྒྲོག་སྤེལ་བྱས་པའི་གཞུང་ལུགས་ཁྲོད་ཀྱི་སྐྱོན་ཆ་འགའ་ཞིག་སྤོ་བུར་དང་པ་ཤེ་ལར་གཉིས་ཀྱིས་གསལ་གསལ་ཐིང་ཐིང་གིས་དེབ་ཐོག་ཏུ་དཔེ་སྐྲུན་བྱས། ཉེ་བའི་ལོ་ངོ་བཅུ་གྲངས་ཀྱི་རིང་ལ་ཚན་རིག་མཚན་ཉིད་རིག་པ་འཕེལ་འགྱུར་སོང་བ་ཧ་ཅང་མགྱོགས་ཀྱང་། དེབ་འདིའི་ནང་དུ། ཚན་རིག་མཚན་ཉིད་རིག་པའི་སྐོར་བརྗོད་འདོད་མེད་པར། དམིགས་ཡུལ་གཙོ་བོ་ནི་ཧ་ཅང་སྟབས་བདེའི་ངང་ནས། ཚན་རིག་གི་ངོ་བོ་དང་འབྲེལ་བའི་དེང་རབས་ཀྱི་གཞུང་ལུགས་འགའ་གསལ་བཤད་བྱས་ཏེ། དེང་སྐབས་ཀྱི་འཕེལ་རྒྱས་དང་མཐུན་ཐབས་བཤད་ཡོད་ཅིང་། མཇུག་མཐར་དེ་ཚོར་བསྒྱུར་བཅོས་གཏོང་ཐབས་བཤད་ཡོད། ངས་དེབ་འདིའི་མདུན་དུ། ལས་སླ་ཡང་འཚམ་པོ་མེད་པའི་ཚན་རིག་གི་ལྟ་བ་གཉིས་བཀོད་ཡོད་དེ། དེ་གཉིས་ཀ་ཕྱོགས་བསྡུས་རིང་ལུགས་དང་ར་འཕྲོད་རིང་ལུགས་ཡིན། ལྟ་བ་འདི་གཉིས་མི་མང་པོས་བརྩི་སྲུང་བྱེད་བཞིན་པའི་ལྟ་བ་མང་པོ་ཞིག་དང་འདྲ་བའི་ཆ་ཡོད་མོད། ངའི་དམིགས་ཡུལ་གཙོ་བོ་ནི་ལོ་རྒྱུས་ཀྱི་དཔྱད་མཆན་བྱ་རྒྱུ་མ་ཡིན་པར་སློབ་ཁྲིད་ཀྱི་ཆེད་དུ་ཡིན། གལ་ཏེ་ཀློག་པ་པོ་རྣམས་ཀྱིས་ཐལ་དྲགས་ཅིང་དགོད་བྲོ་བའི་ལྟ་བ་དང་ཁོ་ཚོའི་སྐྱོན་ཆ་དག་ལ་ཤེས་རྟོགས་གཏིང་ཟབ་བྱུང་ཚེ། དེང་སྐབས་ཀྱི་གཞུང་ལུགས་ཁག་གི་རྒྱབ་ལོག་ན་ཡོད་པའི་སྒུལ་ཤུགས་ལ་གོ་བ་ཡག་པོ་ལོན་ཏེ་དེ་དག་གི་དགེ་མཚན་དང་སྐྱོན་ཆར་གདེང་འཇོག་བྱ་ཐུབ། ལེའུ་དང་པོའི་ནང་དུ་ཕྱོགས་བསྡུས་རིང་ལུགས་ལ་རྒྱས་བཤད་དང་། ལེའུ་གཉིས་པ་དང་ལེའུ་གསུམ་པའི་ནང་དུ་དཔྱད་བརྗོད་བྱས་ཡོད། ལེའུ་བཞི་བ་དང་ལྔ་བའི་ནང་དུ་ར་སྤྲོད་རིང་ལུགས་ཀྱིས་ཕྱོགས་བསྡུས་རིང་ལུགས་ལ་བསྒྱུར་བཅོས་བྱས་པའི་སྐོར་དམིགས་སུ་བཟུང་ནས་གསལ་བཤད་བྱས་ཡོད་ལ། ལེའུ་དྲུག་པའི་ནང་དུ་གཞུང་ལུགས་དེ་ཉིད་ཀྱི་ཚད་བཀག་བརྗོད་ཡོད། དེའི་རྗེས་ཀྱི་ལེའུ་ནང་དུ། ལ་ཁཱ་ཐོ་ཟི་ཡི་ར་འཕྲོད་རིང་ལུགས་རྒྱས་བཤད་བྱས་ཡོད་ཅིང་། དེ་རྗེས་ཀྱི་ལེའུ་ནང་དུ་ཁུ་ཨན་དང་ཁོའི་གང་སར་བེད་སྤྱད་ཡོད་པའི་ཚད་གཞི་ངོ་སྤྲོད་བྱས་ཡོད། ངའི་བསམ་པར་དེའི་རྗེས་ཀྱི་ལེའུ་བཞི་བོ་ནི་རྩོད་གཞི་ཅན་ཞིག་སྟེ། དེའི་ནང་དུ་ལ་ཁ་ཐོ་ཟི་དང་ཁུ་ཨན། ད་དུང་སྤོ་བུར་ལ་དཔྱད་བརྗོད་བྱས་ཏེ།བསམ་འཆར་ཡང་མང་པོ་བཏོན་ཡོད་དེ། དེབ་འདིའི་མཇུག་ཏུ་ཚན་རིག་གི་གཞུང་ལུགས་བརྗོད་དོན་ནི་དེ་སྔོན་གྱི་བསམ་ཚུལ་ག་གེ་མོར་ལེགས་བཅོས་གཏོང་བསམ་ཡིན་ལ། དེ་བས་དེབ་འདིར་སྐྱོན་གང་ཡང་མེད་པའང་མ་ཡིན། མདོར་ན་དེབ་འདི་ནི་གཤམ་གྱི་གཏམ་དཔེ་འདི་ལྟར་བྲིས་པ་ཡིན་ཞེས་བཤད་ཆོག་སྟེ། “ང་ཚོས་རྨོངས་བ་ནས་མགོ་བརྩམས་ཏེ། མཇུག་མཐར་དེ་ལས་ཚད་མཐོ་བའི་རྨོངས་པ་ནས་མཇུག་བསྒྲིལ་དགོས། ”

 

ཡོང་ཁུངས།: 
《ཚན་རིག་གི་རྣམ་བཤད། 》ཅེས་པའི་གླེང་གཞི་ལས་བདམས།