ཨབ་ར་ཚེ་རིང་གི་གཏམ་རྒྱུད།
རྩོམ་མཁན།: 
སྤེལ་དུས།: 
2014-04-27 17

ལྟ་གྲངས།

354

   ཉེ་བའི་ལོ་འགའི་རིང་། བོད་ཡུལ་གྱི་རི་ཆུ་ནགས་གསུམ་དང་དེ་ལ་བརྟེན་པའི་རི་སྐྱེས་སྲོག་ཆགས་ཀུན་ལ་འཇིག་ཉེན་ཆེན་པོ་བྱུང་བ་དང་མཉམ་དུ། དེ་འབྲེལ་གྱི་འབོད་སྐུལ་དང་དཔེ་དེབ་སྣ་ཚོགས་ཤིག་ཐོན་ཡོད་ཅིང་། དེ་དག་ལས《ཨབ་ར་ཚེ་རིང་གི་གཏམ་རྒྱུད》ནི་འཛམ་གླིང་ན་མིང་དུ་གྲགས་པའི་སྐྱེ་ཁམས་སྲུང་སྐྱོབ་པ་དང་སྐྱེ་དངོས་རིག་པ་བ་ཇོ་རྗི་ཞ་ལི་ལགས་ཀྱིས་བོད་ཁམས་ཀྱི་ལོ་ཆུང་གཞོན་སྐྱེས་རྣམས་ལ་དམིགས་ནས་བྲིས་པའི་བྱིས་སྒྲུང་དེབ་ཆུང་ཞིག་རེད། དེབ་དེར་བྱིས་སྒྲུང་གི་རྣམ་པ་དང་བྱིས་པའི་བློ་ཚོད་དང་བསྟུན་ནས་མཁས་དབང་གང་དེས་ལོ་མང་གི་ཞིབ་འཇུག་གྲུབ་འབྲས་སུ། ཨབ་ར་ནི་རྩྭ་ས་ཇེ་སྡུག་ལ་འགྲོ་བའི་རྒྱུ་རྐྱེན་མིན་པར། རྩྭ་ས་ཇེ་སྡུག་ཏུ་སོང་བའི་སར་ད་གཟོད་ཨབ་ར་ཇེ་མང་ལ་འགྲོ་ངེས་བའི་སྡོམ་ཚིག་བཀོད་འདུག

   དེབ་དེའི་མགོ་འདི་ལྟར་བརྩམས་ཡོད་དེ། “དུས་ཡུན་རིང་བོའི་ནང་། ཨབ་ར་དང་དེ་བཞིན་མཚོ་བོད་མཐོ་སྒང་གི་རི་དྭགས་གཙོད་དང་། བྱ་ཁྭ་ཏ། རི་བོང་། ད་དུང་སྤྱང་ཀི་རྣམས་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་ཅིང་། དེ་ལས་གཞན། ཁོ་ཚོ་དང་ལྷན་དུ་འཚོ་བ་བསྐྱལ་མཁན་ལ་ད་དུང་བོད་ཀྱི་འབྲོག་པ་དང་འབྲོག་པའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སོགས་ཡོད། སྐྱེ་འགྲོ་འདི་ཀུན་གྱི་རྟེན་གཞི་ཉག་གཅིག་པུ་ནི་རྩྭ་ཐང་ཡིན་ཅིང་། འདི་ཐམས་ཅད་སྐྱེ་ཁམས་ཀྱི་མ་ལག་ཁྲོད་མེད་ཐབས་མེད་པ་རྐྱང་རྐྱང་རེད།”ཅེས་པའོ། །ཡིན་ནའང་། དུས་ཡུན་རིང་བའི་བོད་པའི་ཕྱུགས་སྐྱོང་གི་ཉམས་མྱོང་ལྟར་ན། ཨབ་རའམ་ཨ་བྲ་ནི་རྩྭ་སར་གནོད་སྐྱོན་བཟོ་བའི་གདོན་གྱི་དྭངས་མར་བརྩིས་ཡོད་པ་དང་། དག་ཡིག་གསར་བསྒྲིགས་ཁྲོད་ཀྱི་ཨབ་རའི་འགྲེལ་ལའང་། “རྩྭ་སར་གནོད་པའི་བྱི་བ་རིགས་ཤིག་སྟེ། ཚིག་བསྡུས་ན་བྲ་ཟེར་”ཞེས་བཀོད་འདུག དེ་བཞིན་བོད་པའི་འདས་སོང་གི་ཐུན་མོང་གི་དྲན་པའི་གཏེར་བུམ་ལྟ་བུར་གྱུར་པའི་གེ་སར་སྒྲུང་ལས་ཀྱང་། ད་ལྟ་ལྷག་ཡོད་པའི་བོད་ཁམས་ཀྱི་ཨབ་ར་འདི་དག་ནི་ཇོ་རུ་ཨབ་གསོད་ཀྱིས་རྨ་སྨད་ན་ཨབ་ར་བདའ་སྐབས་སུ་སྟབས་མ་ལེགས་པར་གཅིག་ཤོར་སོང་བ་དེའི་རྒྱུད་པ་ཡིན་ཚུལ་ཕངས་སེམས་ཚད་མེད་ཀྱི་ཚིག་ཉམས་དང་བཅས་བསྟན་ཡོད་པ་ལྟ་བུ་རེད།

   བོད་པའི་སྲོལ་རྒྱུན་གྱི་ངོས་འཛིན་དང་ཇོར་ཇེ་ཞ་ལུའི་ལོ་མང་གི་ཞིབ་འཇུག་གྲུབ་འབྲས་གཉིས་ཆ་ཁ་ཡ་སྡེབ་ལྟར་སོང་འདུག་པས། གཤམ་ནས་དེབ་དེ་ལས་བསྟན་པའི་ངོས་འཛིན་གསར་བ་ཁག་ཕྱོགས་བསྡུས་ཀྱིས་རིམ་པར་དགོད་རྒྱུ།

  ༡། ཨབ་ར་ནི་གཙང་སྦྲར་དགའ་བའི་སྲོག་ཆགས་རིགས་ཤིག་ཡིན་པས་རྟུག་པ་ཡོད་ཚད་གནས་གཅིག་ཏུ་སྤུངས་ནས་འཇོག་ཅིང་། དུས་དང་དུས་མིན་དུ་ཁུང་སྒོར་ཕུད་ཡོང་བ་ནི་རྩྭ་སའི་ལུད་རྫས་བཟང་བོ་ཞིག་ཡིན་པ་དང་། ས་ཁུང་བརྐོས་པ་ལས་བྱུང་བའི་ས་རྡོའི་ཁྲོད་ཀྱང་གཏེར་སྣ་མང་པོ་ཡོད་པས། ཨབ་ཁུང་གི་ཉེ་འགྲམ་ཀུན་ས་གཞན་དང་བསྡུར་ན་རྩྭ་སྐྱེས་སྟོབས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན།

  ༢། རྩྭ་ཆུ་འཛོམས་ཤིང་རྩྭ་རྐང་མཐོ་སར་ཨབ་ར་ཉུང་བའི་རྒྱུ་མཚན་ནི་ཕྱུགས་ཟོག་གི་རྨིག་པས་ཡང་ཡང་བསྣད་པའི་རྩྭ་ཐང་དུ་ཨབ་རས་ཁུང་རྐོ་བདེ་བ་དང་། རྩྭ་རྐང་མཐོན་པོ་དག་གིས་ཨབ་རའི་མཐོང་ལམ་བསྒྲིབས་ཏེ་དགྲ་བོར་དོགས་ཟོན་དཀའ་བའི་དབང་གིས་ཕྱུགས་ཟོག་ཚད་ལས་བརྒལ་ཏེ་སའི་བཅུད་ཤོར་བའི་ས་ཆར་ད་གཟོད་ཨབ་ར་མང་པོ་འཕེལ་ཐུབ་པ་རེད།

  ༣། ཅུང་རྒྱ་ཆེ་ས་ནས་བསམ་བློ་བཏང་ན། ཨབ་རའི་ཁུང་བུ་ནི་ཨབ་ར་གཅིག་པུའི་སྡོད་ས་མིན་པར། ད་དུང་སྦྲང་མ་དང་སྡོམ། བྱེའུ་སོགས་ཀྱི་ཁང་ཁྱིམ་དྲོན་མོའང་རེད། མཁས་དབང་ནམ་མཁའི་ནོར་བུའི་བྱང་འབྲོག་གི་ལམ་ཡིག་ལས་ཀྱང་“ཨབ་རས་གང་དུ་ས་ཟིན་པ་དེ་དག་ཏུ་“ཨ་རྟ་ད་ཡུ"ཞེས་བྱ་བའི་བྱེའུ་ཁ་དོག་སྐྱ་བོ། མཆུ་ཏོ་ནག་པོ། རྐང་ལག་སྐྱ་ནག ཆེ་ཆུང་གི་ཚད་ནི་ཁ་ན་རི་ཡ་ཆེ་ཚད་ལས་ཀྱང་ཅུང་ཟད་ཆེ་བ་སྟོང་ཕྲག་མང་པོ་ཁ་འཐོར་དུ་ཨབ་ར་རྣམས་དང་ལྷན་དུ་གནས་ཤིང་། དེ་དག་ཀྱང་ཨབ་ར་དང་འདྲ་བ་སའི་ཁུང་བུར་གནས་འཆའ་བ་དང་། སྒོ་ངའང་ས་ཁུང་གི་སྦུག་ཏུ་བཞག་ཅིང་། ནམ་རྒྱུན་བྱེའུ་དེ་དག་ས་ཁུང་ནས་ཕྱི་ལོགས་སུ་འཐོན་པའི་ཚེ། དེ་མ་ཐག་ཨབ་ར་དག་གི་རྒྱབ་ཏུ་ཞོན་ཏེ་འགྲོ་གི་འདུག་ཅིང་། ནམ་ཨབ་ར་སོ་སོའི་ཨར་ཁུང་དུ་སླར་ལོག་པའི་ཚེ་བྱིའུ་རྣམས་དབང་མེད་དུ་ས་ཁར་འགྱེལ་བ་ཧ་ཅང་དགོད་བྲོ་བ་ཞིག་ཏུ་སྣང་ངོ། །འབྲོག་མི་དག་གིས“ཨ་རྟ་ག་ཡུ་དག་གིས་ཨབ་ར་རྣམས་ཆུ་བོ་དང་རི་བོའི་ཕར་ཚུར་རྣམས་སུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད”ཅེས་བཤད་སྲོལ་འདུག་ནའང་ཁོ་བོ་ཅག་གིས་མངོན་སུམ་མིག་མཐོང་ཐུབ་པ་ནི་གང་ཡང་མ་བྱུང་ངོ་། །” ཞེས་གསུང་ཡོད་པ་དང་། གཞན་ཡུལ་བྱིའུ་སྐྱ་རིལ་ཡང་ཨབ་ཁུང་ནང་སྡོད་པ་ཀུན་གྱིས་མཐོང་མྱོང་ངེས།

  ༤། ཨབ་རའི་ཁ་ཟས་གཙོ་བོ་ནི་རྩྭའི་རིགས་སྣ་ཚོགས་ཡིན་ཞིང་། དེ་ལས་ཀྱང་དུག་རྩྭ་ལྡུམ་བུའི་རིགས་མང་པོ་ཟ་བཞིན་ཡོད་པས། རྩྭ་ཐང་དུ་ལྡུམ་རིགས་ཀྱིས་ཁྱབ་པར་ཚོད་འཛིན་ངེས་ཅན་ཐུབ་ཡོད།

  ༥། སྐྱེ་ཁམས་མ་ལག་གི་ཤེས་བྱ་ལྟར་ན། སྲོག་ཆགས་ཆུང་བ་དག་རིམ་བཞིན་དེ་ལས་ཅུང་ཆེ་བ་དག་གི་ཁ་ཟས་སུ་འགྱུར་བཞིན་ཡོད་པས། དེའི་ནང་གི་རིགས་གཅིག་མེད་པར་ཆགས་ན། སྐྱེ་ཁམས་མ་ལག་སྤྱི་ལ་གཏོར་བརླག་ཐེབས་ངེས། དཔེར་ན། ཨབ་ར་ནི་ཝ་དང་ཁྲའི་ཁ་ཟས་གཙོ་བོ་ཡིན་རྐྱེན། མིའི་རིགས་ཀྱིས་བཙན་དུག་ལ་བརྟེན་ནས་ཨབ་ར་ཚར་བཅད་པ་ཡིན་ན། ཝ་དང་ཁྲའི་རིགས་ཀྱི་འཚོ་རྟེན་ཆད་འགྲོ་ཞིང་། དེ་མཐུན་གྱིས་སྤྱང་ཀི་དང་བྱ་གླག་ཀྱང་ལྟོགས་གྲིར་འགྲོ་ཉེན་ཆེ་བས། ད་གཟོད་གླག་གིས་ལུ་གུ་ཁུར་བ་དང་སྤྱང་ཀིས་ལུག་གསོད་པའི་གནས་ཚུལ་བྱུང་བ་རེད།

  ༦། ཨབ་རས་རི་ངོས་གཟར་མོ་དང་ལུང་ཁུག་སོགས་སུ་ཁུང་མང་པོ་བརྟོལ་པའི་རྐྱེན་གྱིས་ས་གྱོང་བོར་མི་འགྲོ་བར་སོབ་འགྱིག་ནང་བཞིན་སོབ་ནས་ཡོད་ཅིང་། ཆར་ཞོད་ཆེན་པོ་བབས་ནའང་ས་གཞི་སྙི་མོར་སིམ་འགྲོ་བས། སའི་ཁ་རིམ་གྱི་ས་ནག་བཅུད་ཅན་དེ་སྲུང་འཛིན་བྱེད་པར་ཕན་པ་ཆེན་པོ་ཡོད། ཨབ་ར་མེད་པའི་ས་རྒོད་དག་ནི་ཕྱུགས་ཟོག་གི་རྨིག་རྫིས་འོག་གྱོང་བོར་ཕྱིན་ཡོད་པས། ཆར་བ་འབབ་དུས་ས་ཆུ་སྲུང་འཛིན་བྱེད་མི་ཐུབ་པས་ཤ་འོད་བརྡོལ་བ་སོགས་ཀྱང་འབྱུང་ངེས་པའོ།།

དེབ་འདིའི་རྩོམ་པ་པོ་ཇོར་ཇེ་ཞ་ལི(George Beals Schaller)ལགས་ནི་སྤྱི་ལོ་༡༩༣༣ལོར་འཇར་མན་དུ་འཁྲུངས་ཤིང་། ཨ་རིའི་མིང་དུ་གྲགས་པའི་རང་བྱུང་སྐྱེ་དངོས་སྲུང་སྐྱོབ་པ་དང་རྩོམ་པ་པོ་ཞིག་རེད། ད་སྐབས་རྒྱལ་སྤྱིའི་རང་བྱུང་སྐྱེ་དངོས་སྲུང་སྐྱོབ་ཚོགས་པའི་གཙོ་འགན་གཞོན་པ་ཡིན་ཞིང་། ཁོང་གི་ཞབས་རྗེས་ཡ་གླིང་དང་ཧྥེ་གླིང་། མེ་གླིང་ལྷོ་མ་སོགས་སུ་ཁྱབ་ཡོད་ཅིང་། བོད་ཁུལ་གྱི་གཡག་རྔའི་དོམ་ཁྲ་དང་བྱང་ཐང་གི་རི་དྭགས་གཙོད། གསའ་སོགས་ཀྱི་ཞིབ་འཇུག་གི་ཐད་རྒྱལ་སྤྱིའི་སྟེང་རྩེ་གྲས་སུ་སླེབས་ཡོད། དེ་བས་ཁོང་གིས་ཉེ་ཆར་བྲིས་གནང་པའི་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་རང་བཞིན་གྱི་བྱིས་སྒྲུང《ཨབ་ར་ཚེ་རིང་གི་གཏམ་རྒྱུད》ཅེས་པ་ནི་ཤིན་ཏུ་ཀློག་རིན་ཡོད་པ་ཞིག་རེད། དེབ་འདིའི་རྒྱ་འགྱུར་མ་དང་བོད་འགྱུར་མ་གཉིས་ཆ་ད་ལྟ་ལེགས་འགྲུབ་བྱུང་འདུག་ནའང་། བོད་འགྱུར་མའི་གློག་རྡུལ་པར་མ་དྲ་ངོས་སུ་ཕབ་ལེན་ཆོག་ཅིང་། དེབ་གཟུགས་སུ་སྒེར་གྱི་ནང་ཁུལ་དུ་བཀྲམ་པ་ཙམ་ལས་རྒྱ་ཆེར་ཁྱབ་ཐུབ་མི་འདུག་གོ །

དཔྱད་གཏམ།

དྲ་ཚིགས་གཞན་ལ་བརྒྱུད་སྐུར་བྱ་ཆོག་པའི་བེད་སྤྱོད་ཅིག་ཁ་ལ་བསྣན་ན་བཟང་ཆ་ཆེ་སྙམ།

ངོ་མ་ཚན་རིག་དང་མཐུན་པའི་གཏམ་ཡིན་རྒྱུ་རེད། ང་ཚོ་བོད་པར་ཨབ་གསོད་ཟེར་བ་དེ་འདྲ་ཞིག་བྱུང་བའི་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ། གོང་ནས་བཤད་པ་ལྟར་མཉམ་སྤྱོད་བྱས་ཆོག་པའི་འབྲེལ་ལམ་རེ་ཁ་སྣོན་ཐུབ་ན་བཟང་སྙམ།

དེབ་དེ་བརྒྱུད་སྐུར་བྱས་ན་བཟང་གི