བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།
སྤེལ་དུས།: 
2014-05-20 15

ལྟ་གྲངས།

257

 

  རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་བོད་རིགས་ས་ཁུལ་དུ་རྒྱུན་ཆད་མེད་པར་ཁྱབ་གདལ་དུ་གཏོང་བ་དང་ཆབས་ཅིག  ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་བཟོ་རྒྱུ་དང་།  ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་ལྡན་ཞིག་བཟོ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད།  
   2005ལོའི་ཟླ་བ3པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔ་དང་པེ་ཅིན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་རིགས་གཅིག་མཁས་པ་དང་། བོད་ཡིག་མཁས་པ། སྒྲ་རིག་པ་མཁས་པ་རྣམས་ལས་“ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་ཀྱི་རྒྱལ་ཁབ་ཚད་ལྡན་ལ་ཞིབ་འཇུག་བྱ་རྒྱུའི་”ཞིབ་འཇུག་བྱ་གཞིའི་ཚོ་ཆུང་བཙུགས་ནས། ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་ལ་གྲོས་བསྡུར་དང་ཞིབ་འཇུག་ལོ་གཉིས་ཙམ་བྱས་པ་རེད།    ཞིབ་འཇུག་བྱ་གཞི་ཚོ་ཆུང་གིསGB/T 5271.X ཐ་སྙད་མ་ལག་གི་རྒྱ་ཡིག་སྐོར་གྱི་རྒྱལ་ཁབ་ཚད་ལྡན་སྟེ《ཆ་འཕྲིན་ལག་རྩལ་གྱི་ཐ་སྙད》ཞེས་བྱ་བ་དེ་གཞིར་བཟུང་བ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་ཚད་ལྡན་དེ་དང་བསྟུན་པའི་རྒྱལ་སྤྱིའི་ཚད་ལྡནISO/IEC 2382དཔྱད་གཞིར་བཟུང་བ་དང་། “སྔོག་བཟོ་གཡར་གསུམ་”གྱི་རྩ་དོན་གཞིར་བཟུང་ནས་ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་གཏན་ལ་ཕབ་གཤིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་གིས་《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད》སྐོར་གྱི་རྒྱལ་ཁབ་ཚད་ལྡན་གཏན་དུ་འབེབས་རྒྱུར་བབ་མཐུན་གྱི་ཞིབ་འཇུག་གྲུབ་འབྲས་ཕུལ་བ་དང་སྦྲགས་ཞིབ་འཇུག་ཚོ་ཆུང་གི་ཞིབ་འཇུག་གྲུབ་འབྲས་གཙོ་བོ་ཞིག་ཡིན་པའི་《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》འདི་ཡང་རྩོམ་སྒྲིག་ནས་པར་དུ་བཏབ་པ་ཡིན།    GB/T 5271.X ཐ་སྙད་མ་ལག་གི་རྒྱ་ཡིག་སྐོར་གྱི་རྒྱལ་ཁབ་ཚད་ལྡན་ནང་ཆ་འཕྲིན་ལག་རྩལ་ཁག་ཚང་མའི་ཐ་སྙད་བསྡུས་ཡོད་པ་ཁྱོན་བསྡོམས་མིང་ཚིག ༤༠༠༠ ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་ཚད་ལྡན་དེའི་ནང་གི་ནང་དོན་ཁ་ཤས་གཏན་འབེབས་བྱེད་པའི་དུས་ཚོད་ཅུང་སྔ་བ་མ་ཟད། དུས་ཐོག་ཏུ་བཟོ་བཅོས་བྱེད་ལོངས་མ་བྱུང་བའི་རྐྱེན་གྱིས། ཉེ་བའི་དུས་སུ་བྱུང་བའི་ཆ་འཕྲིན་ལག་རྩལ་ཐད་ཀྱི་ཐ་སྙད་གསར་པ་མང་པོ་ཞིག་དེའི་ནང་བསྡུས་ཐུབ་མེད་པ་རེད། གནད་དོན་འདི་ཐག་གཅོད་བྱེད་ཕྱིར། ཞིབ་འཇུག་ཚོ་ཆུང་གིས་ཆ་འཕྲིན་ལག་རྩལ་ཐད་ཀྱི་ཐ་སྙད་གསར་པ་གང་མང་བསྡུས་པ་དང་འདེམས་སྒྲུག་ནན་ཏན་བྱས་མཐར། ཐ་སྙད་གསར་པ་ ༢༠༠༠ ལྷག་ཙམ་ཁ་སྣོན་བརྒྱབ་ཡོད།    རྣམ་གྲངས་འདིའི་ཞིབ་འཇུག་ལས་དོན་ལ་ཞུགས་མཁན་ཁྱོན་བསྡོམས་མི ༤༤ ཟིན་ཞིང་། ཁོང་ཚོ་ཚང་མ་ནི་རྣམ་གྲངས་འདིར་ཞིབ་འཇུག་བྱེད་མཁན་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་དང་། དགེ་རྒན་ཆེ་མོ། མཁས་དབང་བཅས་ཡིན་པ་དང་། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། པེ་ཅིན་གྲོང་ཁྱེར་བཅས་ནས་ཕེབས་པ་ཤ་སྟག་ཡིན་ཞིང་། ཁོང་ཚོའི་ནང་ནས་རྩིས་འཁོར་ཚན་རིག་ཆེད་ལས་མི་སྣ་དགུ་(ཚང་མའི་མིང་བཏགས་ནི་རམ་འབྱམས་པ་ཡན་ཆད་ཡིན་པ)དང་།  རྩིས་རིག་དང་དངོས་ཁམས་རིག་པ་བ་བཞི། སྒྲ་རིག་པ་བ་དྲུག  བོད་ཡིག་ལོ་ཙཱ་བ་བཅུ་གསུམ། བོད་ཡིག་དཔེ་སྐྲུན་པ་བཅུ་གཉིས་ཡོད་པ་རེད།  དེ་ཡང་ཁོང་ཚོ་ནི་བོད་རིགས་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ས་ཁུལ་སོ་སོ་ལས་ཕེབས་པ་ཡིན་པའི་དབང་གིས། རྣམ་གྲངས་འདིའི་ཞིབ་འཇུག་གྲུབ་འབྲས་ལ་མཁོ་བའི་ཚབ་བྱེད་ཀྱི་རང་བཞིན་དང་ཡོངས་ཁྱབ་ཀྱི་རང་བཞིན་འགན་སྲུང་བྱུང་ཡོད།
   ཞིབ་འཇུག་བྱ་གཞི་ཚོ་ཆུང་གིས་ཞིབ་འཇུག་ལས་དོན་བསྒྲུབས་རིམ་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་མཐོང་ཧ་ཅང་ཆེན་པོ་གནང་བ་དང་དུས་མཉམ་དུ་ཞིང་ལྗོངས་ལྔ་དང་པེ་ཅིན་བཅས་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཀྱང་སྤྲོ་སེམས་འཁོལ་བའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད། ལྷག་པར་དུ་ལས་ཁུངས་མང་པོས་རང་རེའི་ལས་ཁུངས་ལ་མི་ལག་མི་ལྡང་བ་དང་ལས་ཀ་བྲེལ་བ་ཆེ་བའི་གནས་ཚུལ་ལ་མ་བལྟོས་པར་སྔར་བཞིན་རྐང་འཛིན་པ་རྣམས་ལས་དོན་འདི་སྒྲུབ་པར་མངགས་མྱོང་། ལས་ཁུངས་དེ་དག་ནི། བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་སྐད་ཡིག་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེ་མོ།  ཞིང་ལྗོངས་ལྔའི་སློབ་དེབ་རོགས་ལས་གཞུང་ལས་ཁང་།  མཚོ་སྔོན་དགེ་འོས་སློབ་གྲྭ་ཆེ་མོ། མཚོ་སྔོན་མི་རིགས་སློབ་དེབ་སྒྲིག་སྒྱུར་ལྟེ་གནས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་པོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེ་མོ། ཀན་སུའུ་ཞིང་ཆེན་གྱི་གཙོས་གྲོང་ཁྱེར་གྱི་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ། ཡུན་ནན་ཞིང་ཆེན་གྱི་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་སྐད་ཡིག་གཞུང་ལས་ཁང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིག་པ་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་གྱི་རྔ་བའི་མི་རིགས་དགེ་འོས་སློབ་གྲྭ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་ཡིག་ཚོ་ཆུང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེ་མོ་བཅས་སོ། ། ཚིག་མཛོད་འདི་དུས་རབས་གསར་པར་པར་དུ་སྐྲུན་ཐུབ་པ་ནི་ཕྱོགས་གང་ཅིའི་ཐད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་འབྲལ་ཐབས་མེད་པས།  ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།
   《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད་》འདི་ནི་རྒྱལ་ཁབ་ཕྱི་ནང་དུ་ཆ་འཕྲིན་ལག་རྩལ་ཐད་ཀྱི་ཐ་སྙད་དང་ཕྱོགས་ཡོངས་ལ་ཐུག་པའི་བོད་ཡིག་གི་ཚིག་མཛོད་དང་པོ་ཡིན་ཞིང་། དེའི་ནང་རྩིས་འཁོར་དང་འབྲེལ་བ་ཡོད་པའི་ཐ་སྙད་དང་། རྩིས་འཁོར་གྱི་བྱ་རིམ་ཇུས་འགོད།  སྒྲིག་ཆས་ལག་རྩལ། སྒྲིག་གཅོད་ཆས། གཞི་གྲངས་མཛོད། མིས་བཟོས་རིག་སྟོབས་ལ་སོགས་པའི་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ནང་གི་ཚན་པ་སུམ་ཅུ་སོ་གྲངས་ཚུད་ཅིང་ཁྱོན་བསྡོམས་ཐ་སྙད་ ༦༠༠༠ ལྷག་ཙམ་བསྡུས་ཡོད།    ཚིག་མཛོད་འདི་ནི་སྐད་རིགས་གསུམ་གྱི་ཤན་སྦྱར་ཚིག་མཛོད་ཅིག་ཡིན་པ་དང་། ཀློག་པ་པོའི་འཚོལ་སྟངས་འདྲ་མིན་གྱི་དགོས་མཁོ་སྐོང་བའི་ཆེད་དུ། ང་ཚོས་རྒྱུན་ལྡན་དུ་དཀར་ཆག་རེའུ་མིག་ལ་བརྟེན་ནས་སྐད་རིགས་མི་གཅིག་པའི་ཐ་སྙད་འཚོལ་བའི་བྱེད་ཐབས་དེ་དོར་ཏེ། དེའི་ཚབ་ཏུ་ཚིག་མཛོད་ཆ་ཚང་གསུམ་པོ་ནི་ཚིག་མཛོད་གཅིག་ཏུ་བསྡུས་པ་ཡིན། དེར་བརྟེན་ཚིག་མཛོད་འདི་དོན་དམ་དུ་《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》དང་། 《རྒྱ་བོད་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》 《དབྱིན་བོད་རྒྱ་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》ཆ་ཚང་གསུམ་པོ་ཕྱོགས་སྒྲིག་བྱས་པ་ཞིག་ཡིན།    ཚིག་མཛོད་འདི་ནི་ Windows Vista དང་ Office 2007 ནང་གི་བོད་ཡིག་མཉེན་ཆས་དང་ཡིག་གཟུགས་བེད་སྤྱོད་བྱས་ནས་པར་གཞི་བསྒྲིགས་པའི་བོད་ཡིག་དཔེ་དེབ་དང་པོ་དེ་རེད།
   ཚིག་མཛོད་འདི་ནི་རྩིས་འཁོར་ཚན་རིག་གི་ལས་བྱེད་མི་སྣ་དང་།  མཐོ་རིམ་སློབ་གྲྭ་ཆེན་པོའི་དགེ་རྒན་དང་སློབ་མ། ལོ་ཙཱ་བ། རྩོམ་སྒྲིག་དཔེ་སྐྲུན་མི་སྣ་བཅས་ཀྱི་དཔྱད་གཞིའི་དཔེ་ཆ་དང་ཚིག་མཛོད་དུ་བེད་སྤྱོད་བྱེད་འོས་པ་ཞིག་ཡིན་ལ། རྒྱ་ཆེའི་རྩིས་འཁོར་བེད་སྤྱོད་བྱེད་མཁན་སྐྱེ་བོ་རྣམས་ལ་མཁོ་གལ་ཆེ་བའི་ཚིག་མཛོད་ཅིག་ཀྱང་ཡིན་ནོ། །

གཙོ་སྒྲིག་པ།  བཀྲ་ཤིས་ཚེ་རིང་།  
སྒྲིག་པ་པོ།  དགེ་འདུན།   མགོན་པོ་རབ་བརྟན།   དངོས་གྲུབ།    ལྕགས་ཐར་རྒྱལ།    འཇམ་དགའ།    ཉི་མ་སྒྲོལ་མ།   གདུགས་དཀར་ཚེ་རིང་།  ནོར་རྒྱལ།   དཔའ་རིས་སངས་རྒྱས།   འཕགས་མོ་དོན་གྲུབ།    བློ་བཟང་མཐུ་མེད།  དབང་གྲགས་རྒྱལ།  འབྲུག་པ།  ཚེ་མཁར་བཀྲ་ཤིས།   ཚེ་རིང་རྒྱལ།  ཚེ་རིང་ཆོས་འཕེལ།  ཚེ་རིང་དོན་གྲུབ།  ཝང་ཞའོ་སུང་།   ཡེ་ཤེས་བཟང་པོ།  བློ་ཡངས་རྒྱལ།  སངས་རྒྱས།   བསོད་ནམས་དོན་གྲུབ།   བསོད་ནམས་རྡོ་རྗེ།   ཧུའུ་ཐའན།   ལྷག་པ་ཚེ་རིང་།    
ལས་རོགས་གཞན་པ།  བཀྲ་ཤིས་དབང་ཕྱུག  མགོན་པོ་གཡུལ་རྒྱལ།    སྒྲོལ་མ་ཐར།   ཉི་མ་བཀྲ་ཤིས།    བསྟན་འཛིན་ཕུན་ཚོགས།   ཐུབ་བསྟན་ཕུན་ཚོགས།  ནོར་བུ་ཚེ་རིང་།    གནམ་གང་།དགེ་བཤེས།    ཕུར་ཁོ།  ཕུར་བུ་ཚེ་རིང་།   བན་དེ་མཁར།   བློ་བཟང་ཚེ་རིང་།  མི་འགྱུར།    མིག་དམར་རྒྱལ་པོ།   ཚེ་བརྟན་བཀྲ་ཤིས།    ཚེ་དབང་ལྷ་མོ།   ཚེ་རིང་ནོར་བུ།   ཡེ་ཤེས་བཀྲ་ཤིས།  གསང་བདག

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།
པེ་ཅིང་ཉིའུ་ཧྲན་ཧྲི་ཞིན་པར་ཁང་གིས་དཔར་བཏབ།
༢༠༠༧ལོའི་ཟླ་༧པར་པར་གཞི་དང་པོ་བསྒྲིགས།
༢༠༠༧ལོའི་ཟླ་༧པར་པར་ཐེངས་དང་པོ་བཏབ།
ISBN 978-7-80057-914-1/G•40
དེབ་རེར་སྒོར།  54

ཡོང་ཁུངས།: 
བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད་གྱི་གླེང་གཞི།