རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད།
སྤེལ་དུས།: 
2014-05-20 16

ལྟ་གྲངས།

340

 

    མིང་མཛོད་འདི་ནི་དེང་རབས་གསོ་རིག་གི་ནད་ཐོག་རིག་ཚན་གྱི་མིང་བརྡ་རྣམས་གཙོ་བོར་བཟུང་བའི་སྟེང་།  རྨང་གཞི་གསོ་རིག་དང་།  སྐྱེ་དངོས་གསོ་རིག་གི་བཟོ་བཀོད།  རྒྱུད་རྒྱུ་བཟོ་བཀོད།  མཁའ་དབྱིངས་གསོ་རིག་སོགས་གསར་དར་གསོ་རིག་གི་མིང་བརྡ་ཡང་བསྡུས་པའི་རང་རྒྱལ་གྱི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་བྱས་པའི་དེང་རབས་གསོ་རིག་གི་མིང་མཛོད་ཐོག་མ་ཡིན།  བསྡོམས་པས་མིང་བརྡ༤༢༠༠༠འདུས།  མིང་བརྡའི་ཁུངས་གཙོ་བོ་ནི།  འཕྲོད་བསྟེན་པུའུ་ཡིས་གཏན་ལ་ཕབ་པའི་རྒྱལ་ཡོངས་མཐོ་རིམ་གསོ་རིག་སློབ་གྲྭའི་ལོ་ལྔའི་ལམ་ལུགས་ཀྱི་ནད་ཐོག་གསོ་རིག་གི་ཆེད་ལས་ཀྱི་དུས་རབས༢༡པར་བསླབ་གཞིའི་སློབ་དེབ་ཁག༢༨དང་། རྒྱ་དབྱིན་གསོ་རིག་མིང་མཛོད་ཆེན་མོ(མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་།  ༢༠༠༤ལོའི་ཟླ༤པའི་པར་གཞི་གཉིས་པ)དང་།  དབྱིན་རྒྱ་གསོ་རིག་མིང་མཛོད(མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༧པའི་པར་གཞི་གཉིས་པ)སོགས་དེང་རབས་གསོ་རིག་གི་མིང་མཛོད་ཁུངས་བཙུན་གྲགས་ཆེན་རིགས་ལ་བརྟེན་ནས་བསྒྲིགས་པ་ཡིན།
   བོད་མི་རིགས་ཀྱི་ཚན་རྩལ་རིག་གནས་སྔར་ལས་ལྷག་པར་གོང་དུ་སྤེལ་བ་དང་།  དེང་རབས་གསོ་རིག་གི་ཤེས་བྱ་བོད་དུ་འདྲེན་པའི་སླད་དུ།  དུས་རབས་གསར་པའི་དུས་མགོར།  མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་དུས་རབས༢༡པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་སྒྲིག་པའི་ཞོར་དུ།  ཕྱོགས་མང་པོར་རྩད་ཞིབ་དང་གྲ་སྒྲིག་བྱས་པ་མ་ཟད།  སློབ་གླིང་རང་ཉིད་ཀྱིས་སྣེ་ཁྲིད་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་གྱིས་རྒྱལ་ཡོངས་མཐོ་རིམ་གསོ་རིག་སློབ་གྲྭའི་ལོ་ལྔའི་ལམ་ལུགས་ཀྱི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་དུས་རབས༢༡པར་ཕྱོགས་པའི་བསླབ་གཞིའི་སློབ་དེབ་རྣམས་བོད་ཡིག་ཏུ་བསྒྱུར་བར་ཐག་བཅད་པ་དང་།  བྱེ་བྲག་ཏུ་རྨང་གཞི་རྫས་འགྱུར་རིག་པ་དང་།  གསོ་རིག་སྐྱེ་དངོས་རིག་པ།  མ་ལག་གཤགས་འབྱེད་རིག་པ།  སྐྱེ་ལུགས་རིག་པ།  ནད་ལུགས་རིག་པ།  སྨན་ལུགས་རིག་པ།  ཁོང་ནད་རིག་པ།  ཕྱི་ནད་རིག་པ་སོགས་སློབ་དེབ་གཙོ་བོ༢༨བསྒྱུར་བྱའི་མ་ཡིག་ལ་གཏན་ཏུ་ཕབ།

   ༢༠༠༣ལོའི་ཟླ༡༠པར།  མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་མཚོ་སྔོན་དང་།  སི་ཁྲོན།  ཀན་སུའུ་སོགས་ཀྱི་སློབ་ཆེན་དག་ནས་འབྲེལ་ཡོད་ཆེད་ལས་མཁས་པ་དང་མགོ་ཁྲིད་བསྡུས་ནས་དུས་རབས༢༡པར་ཕྱོགས་པའི་བསླབ་གཞིའི་སློབ་དེབ(ཁག༢༨)སྒྲིག་སྒྱུར་བྱ་བ་བཀོད་སྒྲིག་གི་ཚོགས་འདུ་བསྡུས།  ཚོགས་འདུའི་སྟེང་བགྲོ་གླེང་ནན་ཏན་བྱས་པ་བརྒྱུད་ནས་སློབ་དེབ་སོ་སོའི་གཙོ་སྒྲིག་པ་གཏན་འཁེལ་བྱས་ཤིང་།  སློབ་དེབ་རྩོམ་སྒྱུར་གྱི་བྱ་བའི་འགན་གཙོ་སྒྲིག་པས་འཁུར་བའི་ལམ་ལུགས་ལག་ཏུ་བསྟར་བར་ཐག་བཅད་ནས་ཞིབ་ཕྲའི་ལས་བགོས་བྱས།  དེ་དང་ཆབས་ཅིག་ཏུ་སྒྲིག་སྒྱུར་གྱི་མཛུབ་སྟོན་བསམ་བློ་དང་། རྩ་དོན།  ཐབས་ལམ་སོགས་ཞིབ་ཏུ་བགྲོས་ནས་དུས་རབས༢༡པར་ཕྱོགས་པའི་བསླབ་གཞིའི་སློབ་དེབ་ཁག་གི་སྒྲིག་སྒྱུར་རྩ་དོན་འགྲུབ་པར་བྱས། ཚོགས་ཞུགས་མཁས་པ་རྣམས་ཀྱི་དགོངས་འཆར་ལྟར།  ཕྱོགས་གཅིག་ནས་སློབ་དེབ་ཀྱི་ནང་དོན་བོད་ཡིག་ཏུ་བསྒྱུར་བ་དང་། ཕྱོགས་གཅིག་ནས་བོད་འགྱུར་མིང་བརྡ་ཚད་ལྡན་བཟོ་བའི་བྱ་བ་ལ་འབད་པ་སྟེ།  ཕྱོགས་གཉིས་ཟུང་འབྲེལ་གྱིས་བསྒྲུབ་པར་ཐག་བཅད། སློབ་དེབ་ཀྱི་ནང་དོན་ཡོངས་སུ་བསྒྱུར་ཚར་བའི་སྔོན་དུ་རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་བསྒྲིགས་ནས་འགྲུབ་དགོས་པ་དང་།  དེ་ལ་བརྟེན་ནས་སློབ་དེབ་ཀྱི་འགྱུར་ཡོངས་ལ་ཞུ་དག་བྱས་ཏེ། སློབ་དེབ་སོ་སོའའི་བོད་འགྱུར་མིང་བརྡ་གཅིག་གྱུར་དང་ཚད་ལྡན་ཡོང་བར་ཁག་ཐེག་བྱེད་པའོ།  །
   དུས་རབས༢༡པར་ཕྱོགས་པའི་བསླབ་གཞིའི་སློབ་དེབ་སྒྲིག་སྒྱུར་གྱི་རྩ་དོན་དང་ཐབས་ལམ་ལྟར། ༢༠༠༤ལོའི་ཟླ༣པ་ནས༢༠༠༥ལོའི་ཟླ༥པའི་བར་དུ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་རྩ་འཛུགས་བྱས་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་རྩོམ་སྒྲིག་ཚོགས་པས་སྔ་གཞུག་ཏུ་བོད་འགྱུར་མིང་བརྡ་ཞུས་གཏན་ཚོགས་འདུ་ཐེངས་ལྔར་འཚོགས་ཤིང་། སློབ་དེབ་སྒྲིག་སྒྱུར་ཚོ་ཆུང་གིས་བསལ་འདེམས་བྱས་ཏེ་བསྒྱུར་བའི་སློབ་དེབ་ཁག༢༨ཀྱི་བྱ་རའི་མིང་བརྡ་ཁྲི་གཉིས་ལྷག་ལ་རིགས་འབྱེད་དང་། བསལ་འདེམས། ལེགས་བཅོས། འཆོས་སྒྱུར། ཞུས་གཏན་བྱས་ཏེ་གཏན་ལ་ཕབ་པའི་དེང་རབས་གསོ་རིག་གི་རྒྱུན་བཀོལ་རྩ་བའི་མིང་བརྡ༡༢༥༠གཞིར་བྱས་ཏེ།  མིང་བརྡ་ཆིག་ཁྲི་དྲུག་སྟོང་གིས་གྲུབ་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད(བྱ་རའི་མིང་བརྡ)ཅེས་པ་བསྒྲིགས་ཤིང་། སློབ་དེབ་སྒྲིག་སྒྱུར་གྱི་གཞི་འཛིན་ས་གཙོ་བོར་བྱས་ཏེ་སྒྲིག་སྒྱུར་ཚན་ཆུང་སོ་སོར་སྤྲད་པས།  འགྱུར་གཅིག་གྱུར་འོང་བ་དང་ཚད་ལྡན་དུ་འགྱུར་བ་ལས་ནུས་པ་ཆེན་པོ་ཐོན་ལ། མིང་མཛོད་སྒྲིག་སྒྱུར་གྱི་ལས་ཀ་ལེགས་པར་འགྲུབ་པའི་རྨང་གཞིར་གྱུར། གཞན་ཡང་། སྒྲིག་སྒྱུར་ཚོགས་པས་སྔ་གཞུག་ཏུ་འབྲེལ་ཡོད་མཁས་པ་རྩ་འཛུགས་བྱས་ཏེ་དཔྱད་བསྡུར་གང་མང་བྱས་པ་བརྒྱུད་ནས་དེང་རབས་གསོ་རིག་བོད་འགྱུར་མིང་བརྡའི་ཞུས་གཏན་ཚད་གཞི་ཞེས་པ་གཏན་ལ་ཕབ་ཅིང་།  ཕྱིས་ཀྱི་མིང་བརྡ་ཞུས་གཏན་བྱ་བར་ཁུངས་རྟེན་ཡོད་པར་བྱས་པ་དང་།  གཤགས་འབྱེད་རིག་པའི་མིང་བརྡ་དང་། ནད་ཀྱི་མིང་། རྫས་འགྱུར། དངོས་ལུགས། སྐྱེ་དངོས་རིག་པ་སོགས་ཀྱི་ཆེད་ལས་མིང་བརྡ་དང་དམིགས་བསལ་མིང་བརྡ་རྣམས་ཆེད་མིང་ཆེད་ཞུས་ཀྱི་ཚུལ་དུ་ཞུ་དག་གཏན་འབེབས་བྱས་སོ།  །
   དེང་རབས་གསོ་རིག་གི་ཤེས་བྱ་བོད་ཡིག་ཏུ་བསྒྱུར་བའི་དགོས་མཁོ་ཇི་བཞིན་སྐོང་ཆེད། ༢༠༠༦ནས་བཟུང་མིང་བརྡ་སྡུད་སྒྲིག་གི་བྱ་བའི་ཁྱབ་ཁོངས་བསྐྱེད་དེ། སྔར་སྨོས་རྒྱ་ཡིག་ཏུ་ཡོད་པའི་གསོ་རིག་མིང་མཛོད་ཆེན་མོ་གཉིས་སོགས་དེང་རབས་མིང་མཛོད་ཁུངས་བཙན་གྲགས་ཆེ་བའི་ནད་ཐོག་གསོ་རིག་དང་།  རྨང་གཞིའི་གསོ་རིག  སྔོན་འགོག་གསོ་རིག  ཁ་ནད་གསོ་རིག  ཞིབ་བཤེར་གསོ་རིག  སྐྱེ་དངོས་གསོ་རིག་བཟོ་བཀོད་དང་མཁའ་དབྱིངས་གསོ་རིགས་ཀྱི་ཆེད་ལས་མིང་བརྡ་གསར་པ་སྐོར་ཞིག་བསལ་འདེམས་དང་སྡུད་ལེན་བྱས་ནས། མིང་མཛོད་ལ་ཁ་གསབ་དང་ལེགས་སྒྱུར་བྱས་ཤིང་འགྱུར་སྤུས་ལ་ཕྱོགས་དུ་མ་ནས་ཞིབ་ཀྱིས་ཞུས་པ་ཡིན། མདོར་ན་མིང་མཛོད་སྒྲིག་སྒྱུར་ཚོགས་པས་ལོ་བདུན་གྱི་ཡུན་དུ་དེང་རབས་གསོ་རིག་གི་རྩ་བའི་མིང་བརྡ་དང་རྒྱུན་བཀོལ་མིང་བརྡ། དཀའ་གནད་མིང་བརྡ། གཤགས་འབྱེད་རིག་པའི་མིང་བརྡ། ནད་མིང་། སྨན་མིང་། དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་ཀྱི་མིང་བརྡ་སོགས་ལ་ཆེད་དུ་ཞུ་བའི་གཞི་རྒྱ་མི་མཚུངས་པའི་ཞུས་གཏན་ཚོགས་འདུ་ཐེངས༡༣ལ་བསྡུས་ཤིང་། ཐོག་མའི་མིང་བརྡ་ཆིག་སྟོང་ཙམ་ནས་ཁྲི་ལྔའི་བར་འཕེལ་ཞིང་། སླར་ཡང་སྙིགས་དོར་བཅུད་ལེན་གྱིས་མཐར་དེང་རབས་གསོ་རིག་གི་བོད་འགྱུར་མིང་བརྡ་བཞི་ཁྲི་ཉིས་སྟོང་ལེགས་པར་གཏན་ལ་ཕབ་བོ།  །
    སྒྲིག་སྒྱུར་གྱི་སྐབས་ཡོངས་གྲགས་ལོ་ཙཱའི་རྩ་དོན་མིང་སྔོག་སྐྲུན་གཡར་བའི་ལུགས་དང་བསྟུན་ཞིང་། སྒྱུར་ཚུལ་གསུམ་མཉམ་དུ་སྤྱད། བསྒྱུར་སྟངས་ནས་མཐའ་ཞུས་ཀྱི་གོ་རིམ་མཐའ་དག་ཐུན་མོང་དུ་བགྲོས་ཤིང་རྩད་ཞིབ་ཡང་ཡང་བྱས་པས། འགྱུར་ཡང་དག་ལ་ཚན་རིག་དང་མཐུན་ཞིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། རྩ་བའི་ཆ་ནས་འགྱུར་ཚད་ལྡན་ཅན་གྱི་དམིགས་ཡུལ་སླེབས་ཡོད་པར་འདོད།

ཡོང་ཁུངས།: 
རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་ཀྱི་མགོ་བརྗོད།

དཔྱད་གཏམ།

ཚིག་མཛོད་འདི་གློག་རྡུལ་འཕྲུལ་དེབ་མེད་དམ། གང་ན་བཙོང་རྒྱུ་འདུག