བོད་ཁུལ་གྱི་ཆུའི་བདེ་འཇགས།
རྩོམ་མཁན།: 
ཡིག་སྒྱུར།: 
སྤེལ་དུས།: 
2015-05-25 14

ཁྱེད་ཀྱིས་སྤྱོད་བཞིན་པའི་ཆུ་དེ་བདེ་འཇགས་ཡིན་ནམ།

  གཙང་ཆུ་དང་ཁྲོན་པའི་ཆུ།  ཆར་ཆུ།  རང་འབབ་ཆུ་སོགས།  འབྱུང་ཁུངས་མི་འདྲ་བའི་ཆུ་དེ་དག་ནི་ཚེ་སྲོག་འཚོ་གནས་བྱེད་པའི་གཞི་རྩའི་དགོས་མཁོ་ཡིན་ལ།  ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཐོན་ཁུངས་གཙོ་བོ་ཞིག་ཡིན།  འོན་ཀྱང་འབྱུང་ཁུངས་མི་འདྲ་བའི་ཆུ་དེ་དག་གི་གྲུབ་ཆ་ནི་ཆུ་ཁོ་ན་མ་ཡིན་པར།  དེའི་ནང་དུ་སྐྱེ་མེད་དངོས་རྫས་དང་སྐྱེ་ལྡན་དངོས་རིགས་མང་པོ་ཞིག་ཞུ་བཞིན་ཡོད་ལ།  སྐྱེ་དངོས་ཕྲ་རབ་ཀྱང་སྣ་ཚོགས་གནས་ཡོད།
ཆུའི་ནང་གི་སྐྱེ་དངོས་ཕྲ་རབ།
  གོང་གསལ་ཆུ་དེ་དག་གི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཚེ།  མིའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་གཏོང་མི་སྲིད།  འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཆུའི་ནང་གི་དངོས་པོ་དེ་དག་མིའི་ལུས་ཁམས་ཀྱིས་བཟོད་ཐུབ་པའི་ཚད་ལས་བརྒལ་ཚེ།  ང་ཚོའི་བདེ་ཐང་ལ་གནོད་འཚེ་གཏོང་སྲིད་དོ།

རང་འབབ་ཆུ་

    རང་འབབ་ཆུ་ནི་གཙང་པོ་དང་མཚེའུ།  ས་འོག་ཆུ་བཅས་ཀྱི་ཁྲོད་ནས་ཆུ་འཐེན་ཏེ་ཆུ་མཛོད་ནང་དུ་ཕན་ཚུན་མཉམ་བསྲེས་དང་།  དྭགས་བསིང་བྱེད་པ།  ཚགས་རྒྱག་པ་སོགས་བརྒྱུད་དེ་དྭངས་ཆུའི་རྫིང་བུའི་ནང་དུ་འཐེན་པ་དང་།  དེ་ནས་དུག་སེལ་བྱས་རྗེས་ཆུ་འཐེན་འཕྲུལ་འཁོར་གྱིས་གནོན་ཤུགས་ཆེན་པོས་ཆུ་འདྲེན་ལྕགས་མདོང་ནང་དུ་འདྲེན་ཏེ།  མཐར་བེད་སྤྱོད་བྱེད་མཁན་ཚོའི་ཆུ་རྐ་ལའི་ནང་དུ་རྒྱུགས་པ་ཞིག་ཡིན།
   སྤྱིར་བཏང་བེད་སྤྱོད་བྱ་མཁན་རྣམས་ལ་ཆུ་མཁོ་སྤྲོད་མ་བྱས་གོང་དུ་རང་འབབ་ཆུ་ཡི་སྤུས་ཚད་ལ་ཞིབ་དཔྱོད་ཚད་ལེན་བྱ་སྲིད་ལ་དེའི་སྤུས་ཚད་ནི་ཚད་གཞི་དང་མཐུན་པ་ཤ་སྟག་ཡིན།  འོན་ཀྱང་ད་དུང་རྒྱུ་རྐྱེན་མང་པོས་རྐྱེན་པས་རང་འབབ་ཆུར་སྦགས་བཙོག་ཐེབས་སྲིད།  བཟོ་གྲྭའི་བཙོག་སེལ་དང་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཆུ་སྙིགས་ཀྱིས་ཆུའི་འབྱུང་ཁུངས་སུ་སྦགས་བཙོག་བཏང་བ་དང་།  ཡང་ན་རང་འབབ་ཆུ་དེ་རང་ཆུ་མཛོད་ནང་དུ་ཉར་ཚགས་བྱེད་པའི་བརྒྱུད་རིམ་ཁྲོད་སྦགས་བཙོག་བྱུང་ཚེ།  ཆུའི་སྤུས་ཚད་ཀྱང་ཚད་གཞི་དང་མཐུན་མི་སྲིད།  ཆུ་འདྲེན་ལྕགས་མདོང་ལ་བཙོག་སྐྱོན་འཕོག་པའམ་ཡང་ན་སྤུས་ཚད་འགན་ལེན་མེད་པའི་ཆུ་སྦུག་དང་ཆུ་རྐ་ལ་བེད་སྤྱད་ཚེ།  རང་འབབ་ཆུར་སྦགས་བཙོག་བྱུང་སྲིད།
    འོན་ཏེ།  རང་འབབ་ཆུར་དྲི་མ་མི་འདྲ་བ་དང་ཁ་དོག་ལ་གྱུར་བ་བྱུང་བ།  ཡང་ན་ཆུ་བེད་སྤྱད་དེ་ཚལ་སོགས་རྔོ་སྐབས་ཁ་དོག་ལ་གྱུར་བ་ཡོད་ཚེ།  དུས་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད་འབྲེལ་ཡོད་ཚན་ཁག་ཏུ་སྙན་སེང་ཞུ་དགོས།  སྤྱིར་བཏང་ངོས་ནས་བརྗོད་ན།  རང་འབབ་ཆུ་ནི་ཁོལ་ཚར་རྗེས་གཞི་ནས་བཏུངས་ཆོག  རྣམ་ཀུན་ཆུ་དགོས་མཁོ་ཡོད་པའི་སྐབས།  སྔོན་དུ་རང་འབབ་ཆུ་དེ་དུས་ཚོད་ངེས་ཅན་ཞིག་གློད་ནས་བེད་སྤྱོད་བྱ་ཆོག   དུས་མཚུངས་སུ་བེད་སྤྱོད་བྱེད་མཁན་རྣམ་པས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་པའི་ཆུ་སྦུག་དང་ཆུ་རྐ་ལ་བེད་སྤྱོད་བྱ་དགོས།

ཁྲོན་པའི་ཆུ་

  ཁྲོན་པའི་ཆུ་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན།  གནོན་བརྟེན་ཆུ་ལེན་ཁྲོན་པ་ནི་བེད་སྤྱོད་བྱེད་སྐབས་སྟབས་བདེ་བ་དང་།  བཟོ་སྐྲུན་གྱི་མ་གོང་དམའ་བ་སོགས་ཀྱིས་རྐྱེན་པས་ཞིང་འབྲོག་ཁུལ་དུ་བཀོལ་སྤྱོད་རྒྱ་ཆེན་བྱེད་བཞིན་ཡོད།  འོན་ཀྱང་གནོན་བརྟེན་ཆུ་ལེན་ཁྲོན་པའི་བཀོལ་སྤྱོད་ཚད་གཞིར་དོ་སྣང་མ་བྱས་པའི་རྐྱེན་གྱིས།  དེ་ནས་ཐོན་པའི་ཆུ་མང་པོ་ཞིག་ནི་སྦགས་བཙོག་སོང་བ་ཤ་སྟག་ཡིན།  ཁྲོན་པ་དང་སྒོ་ཕྱུགས་སྒོ་ར་གཅིག་གི་ནང་མཉམ་དུ་གནས་པའམ་གསང་སྤྱོད་ཁྲོན་པའི་འཁྲིས་སུ་ཡོད་ཚེ།  སྒོ་ཕྱུགས་དང་མིའི་སྐྱག་གཅིན་ཁྲོད་ཀྱི་འབུ་ཕྲ་དང་ནད་སློང་དངོས་པོ་དག་ས་འོག་ཏུ་སིམས་ནས་མཐའ་ན་ཁྲོན་པའི་ནང་གི་ཆུ་དང་བསྲེས་ནས་རྒྱུགས་ཡོང་གིན་ཡོད།  ཞིང་སྨན་གྱིས་ལུད་བརྒྱབ་པའི་ཞིང་ཁའམ་བཟོ་གྲྭ་ནི་ཁྲོན་པའི་ཁ་དང་ཐག་ཉེ་བའི་ཚེ།  ཞིང་སྨན་དང་བཟོ་གྲྭའི་ཆུ་ཉོག་ཁྲོད་ཀྱི་གནོད་ལྡན་དངོས་པོ་དག་ས་འོག་ཏུ་རྒྱུགས་ནས་ཁྲོན་པའི་ཆུར་སྦགས་བཙོག་ཐེབས་པའི་ཉེན་ཁ་ཡོད།  དེར་བརྟེན་གནོན་བརྟེན་ཆུ་ལེན་ཁྲོན་པ་ནི་གོང་གསལ་གྱི་ས་ཆ་འགའ་དང་རྒྱང་ཐག་བཅད་དགོས། 
    གལ་ཏེ་ཁྲོན་པའི་ཆུར་དྲི་མ་མི་འདྲ་ཁ་བ་དང་ཁ་དོག་ལ་གྱུར་བ་སོང་བ།  ཡང་ན་ཆུ་བེད་སྤྱད་དེ་ཚལ་སོགས་རྔོ་སྐབས་ཁ་དོག་ལ་གྱུར་བ་ཡོད་ཚེ།  དུས་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད་འབག་བཙོག་གི་རྐྱེན་བཙལ་ནས་མེད་པ་བཟོ་དགོས།   ཁྲོན་པའི་ཆུ་དེ་བེད་སྤྱོད་བྱ་སྐབས་སྔོན་དུ་དུས་ཚོད་ངེས་ཅན་ཞིག་གློད་དེ་གཞི་ནས་བླངས་དགོས་པ་དང་།  བླངས་པའི་ཆུ་དེ་ངེས་པར་ཁོལ་རྗེས་གཞི་ནས་བཏུངས་ཆོག

གཙང་ཆུ་

  གཙང་ཆུ་ཡང་བོད་ཀྱི་ས་གནས་འགར་མཐོང་སླ་བའི་འཚོ་བའི་ཁྲོད་བེད་སྤྱོད་བྱེད་བཞིན་པའི་ཆུའི་འབྱུང་ཁུངས་ཤིག་ཡིན།  གངས་རི་དང་ཆུ་མིག་ནས་ཐོན་པའི་གཙང་ཆུ་ནི་ཕལ་ཆེར་འབག་བཙོག་མེད་པ་ཡིན།  འོན་ཀྱང་འཚོ་བའི་ཁྲོད་ཀྱི་གད་སྙིགས་མང་དུ་འགྲོ་བ་དང་བསྟུན་ནས་གཙང་པོའི་ཆུ་སྨད་ཀྱི་ཆུའི་སྤུས་ཚད་ལ་བཙོག་སྐྱོན་ཐེབས་པའི་ཉེན་ཁ་ཧ་ཅང་ཆེ།  གཙང་པོའི་ཆུ་སྟོད་དུ་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་དང་གྲོང་ཁྱེར།  གྲོང་བརྡལ།  གྲོང་ཚོ་བཅས་ཡོད་ཚེ།  བཟོ་ལས་ཀྱི་ཆུ་ཉོག་དང་འཚོ་བའི་ཆུ་སྙིགས་དག་ཆུའི་ནང་དུ་རྒྱུགས་པའི་ཉེན་ཁ་ཆེ་སྟེ་གཙང་ཆུ་བེད་སྤྱོད་བྱ་སྐབས་ཡིད་གཟབ་བྱ་དགོས།
  གཙང་ཆུ་ནི་རབ་བྱུང་ན་ཆུ་སྟོད་ནས་བླངས་ཏེ་ཁོལ་ཚར་རྗེས་བེད་སྤྱོད་བྱ་དགོས།  གལ་སྲིད་གཙང་ཆུར་སྐྱུག་བྲོ་བའི་དྲི་མ་ཁ་བ་དང་ཁ་དོག་ལ་གྱུར་བ་སོང་བ། གད་སྙིགས་དང་སྲོག་ཆགས་ཀྱི་ཕུང་པོ་ཆུ་ཐོག་ཏུ་གཡེང་བ།  ད་དུང་ཆུ་སྐྱེས་རྩི་ཤིང་མང་པོ་འཚར་སྐྱེས་བྱེད་བཞིན་པའི་སྐབས་གཙང་པོའི་ཆུ་བེད་སྤྱོད་གཏོང་མི་རུང་།  ཆུའི་འབྱུང་ཁུངས་ཀྱི་སྟོད་དུ་གཏེར་རྫས་ལས་སྣོན་དང་བཟོ་ལས་ཐོན་སྐྱེད་བྱེད་བཞིན་པའི་སྐབས།  ཤུགས་ཆེན་གྱི་དུག་ནུས་ལྡན་པའི་དངོས་རྫས་གཙང་པོའི་ནང་དུ་འཛུལ་ཧ་ཅང་སླ་བས།  དུས་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད་འབྲེལ་ཡོད་ཚན་ཁག་ཏུ་སྙན་སེང་ཞུ་དགོས།

ཁྱིམ་ཚང་གི་བསགས་ཆུ་

  སྔར་བཞིན་སྲོལ་རྒྱུན་གྱི་བོད་པའི་གོམས་སྲོལ་འཛིན་བཞིན་པའི་ས་ཁུལ་དུ།  ཆུ་བླངས་ཏེ་ཆུ་ར་མའི་ནང་དུ་ཉར་ཚགས་བྱེད་པ་ནི་རྒྱུན་མཐོང་གི་ཆུ་གསོག་འཇོག་བྱེད་པའི་ཐབས་ལམ་ཞིག་ཡིན།  འོན་ཀྱང་ཆུ་གསོག་འཇོག་བྱེད་སྟངས་མི་འགྲིག་ན་ཁྱིམ་ཚང་ནང་ཁུལ་གྱི་བདེ་ཐང་ལ་གནོད་སྐྱོན་འཕོག་ཉེན་ཆེ།  ཁྱིམ་ཚང་ནང་ཡུན་རིང་ཆུ་གསོག་འཇོག་བྱས་ཚེ་གསོག་སྣོད་ནང་དུ་སྐྱེ་དངོས་ཕྲ་རབ་འཚར་སྐྱེས་བྱེད་སླ་བས།  དུས་ཚོད་ངེས་ཅན་གྱི་ཐོག་ཏུ་ཆུ་ར་མར་གཙང་སྦྲ་བྱ་དགོས་ལ་དུས་འཁོར་ཐུང་ཐུང་ནང་ཆུ་གསར་པ་བརྗེ་དགོས།
 ཁྱིམ་ཚང་ནང་གི་སྲོག་ཆགས་ཆུང་ཆུང་དག་གིས་ཀྱང་ཆུ་ར་མའི་ནང་གི་ཆུ་བེད་སྤྱོད་བྱེད་སྐབས།  མི་དང་སྲོག་ཆགས་ལ་ན་བའི་ན་ཚ་ཁྱིམ་ཚང་གི་མཐུན་མིར་འགོས་སླ་ཞིང་།  ཐལ་རྡུལ་དང་གད་སྙིགས་ཡང་ན་ལྟོ་འགྲོའི་སྲོག་ཆགས་སོགས་ཆུ་ར་མའི་ནང་ཟགས་ཏེ་ཆུར་འབག་བཙོག་ཐེབས་པའི་ཉེན་ཁ་ཡང་ཆེ།  དེར་བརྟེན་ཆུ་ར་མའི་ཁ་ཟུམ་ཐབས་ལེགས་པོ་ཞིག་ཡོད་དགོས།

བདེ་འཇགས་མེད་པའི་སྤྱད་ཆུ་གཞན་

   ཆུ་ཚན་རྒལ་རྒྱུ་ནི་བོད་མི་དམངས་ཀྱིས་ཧ་ཅང་དགའ་བའི་ལུས་ཁམས་བདེ་སྲུང་གི་བྱེད་སྒོ་ཞིག་ཡིན།  འོན་ཀྱང་ཆུ་ཚན་དུ་འོས་འཚམ་གྱིས་གཟུགས་འཁྲུ་མ་བྱས་ན་དེ་ལས་ལྡོག་སྟེ་ན་ཚ་འགོས་སྲིད།  ཚབ་ཆེན་གྱི་པགས་ནད་དང་འགོས་ནད་ཡོད་པའི་ནད་པ་དང་མཉམ་དུ་གཟུགས་པོ་འཁྲུས་ཚེ་ན་ཚ་ཕན་ཚུན་འགོས་ཉེན་ཆེ་བས།  ཆུ་ཚན་རྒལ་སྐབས་ངེས་པར་དུ་ས་གཙང་མ་ཞིག་འདེམས་དགོས་ལ།  ཆུ་ཚན་རྒལ་ཚར་རྗེས་མུ་ཟིའི་དྲི་ཞིམ་དག་རྫས་སམ་ནད་འབུ་སེལ་ཐུབ་པའི་ལུས་འཁྲུའི་དག་རྫས་ཀྱིས་གཟུགས་པོ་ཡང་བསྐྱར་ཞིག་འཁྲུ་དགོས།  རྣམ་ཀུན་གྱི་ཆུ་དང་མི་འདྲ་བར།  ཆུ་ཚན་ནང་དུ་གཏེར་རྒྱུ་སྣ་ཚོགས་ཡོད་དེ།  དེའི་ཁྲོད་ཀྱི་གཏེར་རྒྱུ་མང་པོ་ཞིག་ཐད་ཀར་ལེན་ཚེ་གཟུགས་པོའི་བདེ་ཐང་ལ་གནོད་སྐྱོན་འཕོག་སླ་བས་ཆུ་ཚན་གྱི་ཆུ་ནི་དེ་བས་འཐུང་མི་རུང་།
 དྭངས་གཙང་གི་བོད་ཁ་བའི་ལྗོངས་དེར་སྔར་ནས་ད་བར་ཆེས་དྭངས་གཙང་གི་ཆུའི་འབྱུང་ཁུངས་ཡོད།  འོན་ཀྱང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས།  ང་ཚོས་ཆུའི་འབྱུང་ཁུངས་ལ་སྦྱིན་པའི་འབག་བཙོག་ཀྱང་དེ་བས་ཚབས་ཆེ་རུ་འགྲོ་བཞིན་འདུག  རྟག་ཏུ་གྲོང་བརྡལ་གྱི་གཙང་ཆུའི་ནང་འཚོ་བའི་གད་སྙིགས་འདྲ་མིན་སྣ་ཚོགས་གཡེང་བཞིན་ཡོད་པ་མཐོང་ཐུབ།  ལྷག་པར་དུ་གྲགས་ཅན་གྱི་གཙང་པོ་ཆེན་པོ་འགའི་ཆུ་ཐོག་ཏུ་མཚམས་རེ་སྤོས་འགྱིག་ཁུག་མ་དང་ཞིང་སྨན་བླུག་སྣོད།  སྤོས་འགྱིག་ཟས་ཀྲིན་སོགས་ཀྱི་གད་སྙིགས་མང་པོ་གཡེང་བ་མཐོང་ཐུབ།
མཚོ་སྔོན་པོ་
ལྷ་ཀླུའི་འདམ་ར་
  མནོ་བསམ་ཞིག་ཐོངས་དང་།  གལ་ཏེ་རི་ཁྲོད་དུ་ཤང་ཤང་རྒྱུགས་པའི་དྭངས་ཆུའི་ཐོག་རྟག་ཏུ་སྤོས་འགྱིག་ཁུག་མ་གཡེང་ཞིང་།  རང་ཁྱིམ་གྱི་འགྲམ་དུ་ཡོད་པའི་གཙང་ཆུ་ཉིན་རེ་ལས་མ་འདས་པར་རྙོག་པོར་གྱུར་ཏེ་དྲི་ངན་བྲོ་བ།  ཁྲོན་པའི་ནང་གི་ཆུ་བེད་སྤྱོད་བྱ་སྐབས་རྟག་ཏུ་དེས་ན་ཚ་འགོས་ཨེ་ཡོང་སྙམ་པའི་སེམས་ཁྲལ་བྱ་དགོས་ཚེ།  དེར་ད་དུང་བདེ་ཆེན་ཞིང་ཁམས་དང་གཉིས་སུ་མ་མཆིས་པའི་གངས་ཅན་ལྗོངས་ཀྱི་འཚོ་བ་ཞེས་ཟེར་རམ།
ལག་སྟེང་གི་གད་སྙིགས་གང་བྱུང་དུ་དབྱུག་མི་དབྱུག་གི་དབང་ཆ་ནི་ང་ཚོ་རང་ཉིད་ལ་ཡོད།  དེ་སྔོན་ལྟར་བློ་འདོད་བཞིན་དྭངས་གཙང་གི་ཆུ་འཐུང་རྒྱུ་ཡོད་མེད་ཀྱི་དབང་ཆ་ཡང་ང་ཚོ་རང་ཉིད་ཀྱི་ལག་ཏུ་ཚོད་འཛིན་བྱེད་བཞིན་ཡོད་དོ།