ཡུན་རིང་ཙུག་པོར་བསྡད་ན་ལུས་པོར་གནོད།
ཡིག་སྒྱུར།: 
སྤེལ་དུས།: 
2015-06-08 15
   བརྙན་འཕྲིན་ལ་དགའ་བའི་མི་རྣམས་མཉམ་འཇོག་བྱོས།ཡུན་རིང་པོར་ཙོག་ནས་བསྡད་ན་སྙིང་ཁམས་ཁྲག་རྩའི་ནད་བྱུང་པའི་ཉེན་ཁ་ཡོད་ལ།ཚེ་ཐག་ཡང་ཇེ་ཐུང་དུ་འགྲོ་ངེས།ཞིབ་འཇུག་གི་འབྲས་བུ་འདི་ནི་ཨོ་སུ་ཁྲུ་རི་ཡའི་ཞིབ་འཇུག་པས་གསར་རྙེད་བྱུང་བ་ཡིན།ཁོ་ཚོས་རྒྱལ་ཡོངས་ཀྱི་སྡོད་དམངས༨༨༠༠ལ་རྗེས་བསྙེགས་བརྟག་དཔྱད་བྱས་ཤིང་།དེའི་ནང་དུ་ཕོ་༣༨༤༦དང་མོ་༤༩༥༤ཡོད།ལོ༢༥ཡན་ཆད་དང་།ཆ་སྙོམས་སུ་སྙིང་ཁམས་ཁྲག་རྩ་ན་བའི་ལོ་རྒྱུས་མེད།
    ཁོ་ཚོས་གཙོ་བོ་སྡོད་དམངས་འདི་དག་གིས་བརྙན་འཕྲིན་ལ་བལྟ་བའི་གོམས་གཤིས་ཟིན་ཐོར་བཀོད་པ་དང་།དེ་ནས་ཁོ་ཚོས་བརྙན་འཕྲིན་ལ་བལྟ་བའི་དུས་ཚོད་ལྟར་རིགས་བཀར་ན།གཅིག་ནི་ཉིན་རེར་བརྙན་འཕྲིན་ལ་བལྟ་བའི་དུས་ཡུན་དེ་ཆུ་ཚོད་༢ལས་མ་འདས་པ་དང་།རིགས་གཞན་ནི་ཉིན་རེར་ཆུ་ཚོད་༢་ནས་༤་བར་ལ་བལྟ་མཁན་དང་།ད་དུང་རིགས་གཞན་ཞིག་ནི་ཆུ་ཚོད་༤ལས་འདས་པར་བལྟ་མཁན་བཅས་རེད།དེར་མ་ཟད་ཁོ་ཚོས་ད་དུང་སྡོད་དམངས་འདི་དག་གི་ཁྲག་གི་མ་དཔེ་བླངས་ནས་མཁྲིས་རྒྱུ་གཤེར་རྩི་དང་ཁྲག་གི་མངར་ཆའི་གཞི་གྲངས་ལོན་གྱི་ཡོད།
  ཞིབ་འཇུག་ལས་ཐོན་པའི་འབྲས་བུ་ལྟར་ན།མི་རྣམས་ཀྱིས་ཉིན་རེར་བརྙན་འཕྲིན་ལ་ཆུ་ཚོད་གཅིག་གིས་མང་བར་བལྟས་ན་ནད་ས་མནར་ནས་ཤི་བའི་སྲིད་ཕྱོད་༡༡%གིས་ཇེ་ཆེར་འགྲོ་བ་དང་།སྙིང་ཁམས་ཁྲག་རྩའི་ནད་བྱུང་ནས་ཤི་བའི་སྲིད་ཕྱོད་༡༨%ཀྱིས་ཇེ་ཆེར་འགྲོ་བ་ཡིན།ང་ཚོས་ལོ་ཚོད་ཆེ་ཆུང་དང་ཕོ་མོའི་དབྱེ་བ།སྐེད་པའི་སྤོམ་ཕྲ།ལུས་རྩལ་གོམས་གཤིས་སོགས་ཀྱི་མཐུན་རྐྱེན་ཚང་མ་གྲུབ་པའི་དབང་དུ་བཏང་ནའང་མཇུག་འབྲས་གཅིག་པ་རེད།ཉིན་རེར་ཆུ་ཚོད་༤ལྷག་རིང་བརྙན་འཕྲིན་ལ་བལྟ་བའི་མི་དང་ཆུ་ཚོད་༢་ལས་མི་འདས་པའི་མི་གཉིས་བསྡུར་ན།དུ་བ་འཐེན་པ་དང་།ཁྲག་ཤེད་མཐོ་བ།མཁྲིས་རྒྱུ་གཤེར་རྩི་མཐོ་བ།བཟའ་བཏུང་བདེ་ཐང་མིན་པ་སོགས་ཀྱི་གྲུབ་ཆ་དག་ཟུར་ཕུད་བྱས་ཡང་ནད་ཀྱིས་མནར་ནས་ཤི་བའི་སྲིད་ཕྱོད་༤༦%ལ་འཕར་བ་དང་།སྙིང་ཁམས་ཁྲག་རྩའི་ནད་བྱུང་ནས་ཤི་བའི་སྲིད་ཕྱོད་༨༠%ལ་འཕར་བ་ཡིན།
  ཞིབ་འཇུག་མི་སྣས་བཤད་པ་ལྟར་ན།ཐེངས་འདིའི་ཞིབ་འཇུག་གི་འབྲས་བུ་ནི་བརྙན་འཕྲིན་ལ་བལྟ་མཁན་གྱི་མི་རྣམས་ལས་ཐོབ་པ་ཡིན་ཡང་།འབྲས་བུ་འདི་དུས་ཡུན་རིང་པོར་ཙོག་ནས་སྡད་ཡོད་པའི་མི་ཚང་མར་འཚམས་པོ་ཡོད་སྟེ།དཔེར་ན།དུས་ཡུན་རིང་པོར་དཔེ་སྒྲོམ་དང་རྩིས་འཁོར་གྱི་མདུན་དུ་ཙོག་ནས་བསྡད་ན་བདེ་ཐང་ན་གནོད་པ་ཆེ་བ་ལྟ་བུ།ཁ་དཔེར་ཡང་༼ཚེ་སྲོག་ནི་ལུས་རྩལ་ལ་རག་ལས་ཡོད།༽ཟེར་མོད།ཚན་རྩལ་ཡར་རྒྱས་བྱུང་པ་དང་བསྟུན་ནས་མི་རྣམས་ཀྱི་ལུས་རྩལ་བྱེད་སྒོ་ཇེ་ཉུང་དུ་ཕྱིན་པས།མི་མང་ཆེ་བར་མཚོན་ན་ཉིན་རྒྱུན་རྐུབ་བཀྱག་མི་འདྲ་བ་འགའ་ལས་ཕར་སྣུར་ཚུར་སྤོ་བྱེད་བཞིན་པ་སྟེ།ས་འོག་ཕུག་ལམ་དང་རླངས་འཁོར་གྱི་རྐུབ་བཀྱག་ནས་གཞུང་ལས་ཁང་གི་རྐུབ་བཀྱག་སྟེང་སྤོ་བ་དང་།དེ་ནས་བརྙན་འཕྲིན་འཕྲུལ་ཆས་མདུན་གྱི་རྐུབ་བཀྱག་སྟེང་སྣུར་བ་ཙམ་མོ།།
འདི་ལྟར་དུས་ཡུན་རིང་པོར་ཙོག་ནས་སྡད་ཚེ་མི་རྣམས་ཀྱི་ནུས་ཚད་ཇེ་ཞན་དུ་འགྲོ་ལ་ཚེ་ཐག་ཡང་ཇེ་ཐུང་དུ་འགྲོ་ངེས།འདི་ལྟ་བུའི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་དག་སྒྱུར་བསམ་ན་དེ་ནི་ལས་སླ་བོ་ཞིག་ཡིན་ཏེ།བརྙན་འཕྲིན་ལ་ཉུང་ཙམ་བལྟ་བ་དང་ལུས་རྩལ་བྱེད་སྒོ་མང་ཙམ་སྤེལ་བ་དེ་ཡིན།ལུས་ཕུང་བདེ་ཐང་གི་ཆེད་དུ་རྒྱུན་ལྡན་གྱི་ལུས་རྩལ་བྱེད་སྒོ་སྤེལ་བ་ལས་གཞན་ནམ་རྒྱུན་ཙོག་ནས་དུས་ཚོད་ངེས་ཅན་ཞིག་འགོར་རྗེས་ཡང་ལངས་ལས་བྱ་འགུལ་སྟབས་བདེ་རེ་སྤེལ་ནས་ནམ་ཡང་རང་ཉིད་ལ་བྱ་འགུལ་མང་ཙམ་དང་བྱེད་སྒོ་རྒྱུན་དུ་སྤེལ་དགོས་པའི་གསལ་བརྡ་གཏོང་དགོས་སོ།།
ཡོང་ཁུངས།: 
ཤིང་ལང་པོད་ཕྲན་