རུ་གནོན་གྱི་གཙུག་ལག་ཁང་གཙང་འགྲམ་ལྷ་ཁང་ངམ་གཙང་འགྲམ་བྱེ་མའི་ལྷ་ཁང་།
ཞུ་དག: 
སྤེལ་དུས།: 
2016-06-25 23

འཇད་མི་ཤར་རྒན་དབང་འདུས།

      གཙང་འགྲམ་ལྷ་ཁང་ནི་བོད་རྒྱལ་ཁྲི་སྲོང་བཙན་གྱི་སྐབས་སུ་བཞེངས་ཤིང་། དེ་ནི་ལོ་རྒྱུས་ཐོག་རླུང་ལྟར་གྲགས་པའི་མཐའ་འདུལ་གྱི་གཙུག་ལག་ཁང་ངམ་རུ་གནོན་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཡིན་ཏེ།  དུས་རབས་བཅུ་གཉིས་པར་ཉང་ཉི་མ་འོད་ཟེར་(1124-1192)གྱིས་བརྩམས་གནང་བའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་འདི་ལྟར་འཁོད་ཡོད་དེ།   “བོད་ཀྱི་ས་〖གཞི་〗སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དཔུང་མགོ་དང་། དཔྱི་མགོ་མནན་པར་བྱ་བའི་ཆེད་དུ་རུ་བཞིའི་གཙུག་ལག་ཁང་ཆེན་བཞི་བཞེངས་སུ་གསོལ་བ་ནི། དཔུང་པ་གཡོན་པ་ལ་གཡུང་དྲུང་〈གཡོ་རུ་〉ཁྲ་འབྲུག་བཞེངས་སོ། དཔུང་མགོ་གཡས་པར་〖དབུ་〗རུ་〖ཀ་ཚལ་〗བཞེངས་སོ། དཔྱི་གཡས་པ་ལ་གཙང་འགྲམ་བཞེངས་སོ། དཔྱི་གཡོན་པ་ལ་རུ་ལག་གྲོམ་པ་རྒྱང་བཞེངས་སོ། ཡང་རྩིག་ཏུ་མ་བཏུབ་ནས་བར་ཚིགས་རྣམས་གནོན་པའི་ཕྱིར་མཐའ་འདུལ་གྱི་གཙུག་ལག་ཁང་〖བཞི་〗བཞེངས་ཏེ། གྲུ་མོ་གཡོན་པ་ལ་ལྷོ་བྲག་ཁོ་འཐིང་བཞེངས་སོ། གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ཐར་ལེགས་བཞེངས་སོ། པུས་མོ་གཡས་པ་ལ་དྲེའི་ཀ་བྲག  པུས་མོ་གཡོན་པ་ལ་སྤྲ་དུན་ཙེ་བཞེངས་སོ།”(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོར། ཤོག་ངོས་242ལ་གསལ། ) ཞེས་པ་དང་། དུས་རབས་བཅུ་གསུམ་པའི་དུས་སྨད་དུ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པར་“རུ་བཞིར་གཙུག་ལག་ཁང་རྩིག་དགོངས་ཏེ། སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དཔུང་པ་གཡོན་གནོན་པ་ལ་གཡོན་ཏུ་(གཡོ་རུ་)ཁྲ་འབྲུག་བརྩེགས། (དེའི་ཡན་ལག་ཏུ་)བཀྲ་ཤིས་དགེ་འཕེལ་གཉིས་བརྩིགས། གཡས་པ་ལ་དབུ་རུ་བཀའ་སྩལ། (དེའི་ཡན་ལག་ཏུ་)མི་འགྱུར་དགེ་བའི་གཙུག་ལག་བརྩིགས། དཔྱི་གཡས་པ་ལ་གཡས་རུར་རྩང་འགྲམ་(བྱེ་མའི་ལྷ་ཁང་དེའི་ཡན་ལག་ཏུ་)བྱང་ཆུབ་དགེ་གནས། གཡོན་པ་ལ་རུ་ལག་ཏུ་གྲོམ་པ་རྒྱང་དང་(དེའི་ཡན་ལག་ཏུ་)རྣམ་དག་ཁྲིམས་ཀྱི་ལྷ་ཁང་བཞེངས།” (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། 1987ལོར། ཤོག་ངོས་285དུ་གསལ། ) ཞེས་འཁོད་པ་སོགས་ལ་གཞིགས་ན།  གཙང་འགྲམ་གཙུག་ལག་ཁང་དེ་ནི་ཁྲི་སྲོང་བཙན་སྐབས་སུ་བཞེངས་པ་དང་། དེ་ནི་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་འདྲ་བའི་ས་པྲ་ཟློག་ཆེད་དུ་བཞེངས་པའི་རུ་གནོན་ནམ་མཐའ་འདུལ་གྱི་གཙུག་ལག་ཁང་སྔ་ཤོས་བཞིའི་ཡ་གྱལ་ཡིན་པར་གོར་མ་ཆག

        དེ་ཡང་། གཙང་འགྲམ་ལྷ་ཁང་ངམ་གཙུག་ལག་ཁང་དེ་ནི་སྲིན་མོའི་དཔྱི་གཡས་པ་གནོན་བྱེད་དུ་བཞེངས་པར་འདོད་པ་ཡོངས་གྲགས་ཡིན་རུང་། དུས་རབས་བཅུ་གསུམ་གྱི་དུས་སྨད་དུ་ནེའུ་པཎྡི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་པར“རྐང་པ་གཡོན་པ་གནོན་པའི་ཕྱིར། གཙང་འབྲང་གི་<འགྲམ་གྱི་>གཙུག་ལག་ཁང་བཞེངས།”(བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཞེས་པའི་ནང་བཏུས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོར། ཤོག་ངོས་17) ཞེས་གཙང་འགྲམ་གཙུག་ལག་ཁང་དེ་ནི་སྲིན་མོའི་རྐང་པ་གཡོན་པ་གནོན་ཕྱིར་བཞེངས་པར་འདོད་ཀྱང་དེ་ནི་ཧ་ལམ་འཁྲུལ་ནོར་བྱུང་བ་ཞིག་ཡིན་པར་ཐག་ཆོད།

       འོ་ན། སྲིན་མོའི་དཔྱི་གཡས་པར་གནས་པའི་གཙང་འགྲམ་གི་གཙུག་ལག་ཁང་དེ་དེང་གི་ས་ཆ་གང་དུ་ཡོད་དམ་ཞེ་ན། སྔོན་གྱི་ཡིག་རྙིང་དུ་འཁོད་པ་ཇི་བཞིན། དེ་ནི་གཡས་རུའི་ཁོངས་གཏོགས་ཀྱི་གཙང་པོའི་འགྲམ་གྱི་གནས་ཤིག་ཡིན་པར་ཐེ་ཚོམ་མེད་ལ། དེང་གི་མངའ་རིས་ལྟར་ན། གཙང་གཞིས་རྩེ་གྲོང་ཁྱེར་ཁོངས་རྣམ་གླིང་རྫོང་ཨེ་མར་(དབྱེ་མར་རམ་གཡེ་མར་སོགས་པའི་འབྲི་སྲོལ་འདུག)ཤང་སྲིད་འཛིན་སྡོད་གནས་ཡུལ་ནས་ཤར་ལྷོའི་ངོས་སུ་རྨིད་༢༥༠༠ལྷག་ཙམ་གྱི་གཙང་པོའི་བྱང་ཕྱོགས་ཀྱི་བྱེ་ཐང་དུ་གནས་ཏེ། དེའི་ནུབ་འདབས་སུ་ལྷབ་གྲོང་ཚོ་དང་སྦྲེལ། བྱང་ཤར་ངོས་ཀྱི་རྨིད་༤༠༠༠ལྷག་ཙམ་གྱི་སར་རྣམ་རྒྱལ་རྩེ་ཞེས་པའི་རི་བོ་ཞིག་ཡོད་པ་དང་། དེ་ནི་རྩེ་གདོང་གི་ལྷོ་ཕྱོགས་མདོའི་ནུབ་འདབས་སུ་གནས། དམངས་ཁྲོད་ཀྱི་ཤོད་རྒྱུན་དུ་རི་དེའི་རྩེ་མོའི་འདབས་སུ་གནམ་རི་སྲོང་བཙན་གྱི་བང་སོ་ཡོད་པར་གྲགས་ཀྱང་། དོན་དངོས་སུ་གནམ་རི་སྲོང་བཙན་གྱི་བང་སོ་དེར་ཡོད་མི་སྲིད་པ་ཡིན། ཡིན་ཀྱང་། ཤོད་སྲོལ་དེ་ལྟ་བུ་ཞིག་ཡོད་པ་ནི་རི་བོ་དེ་ནི་བོད་བཙན་པོའི་རྒྱལ་རབས་དང་འབྲེལ་བའི་གནས་རི་འགངས་ཆེན་ཞིག་ཡིན་པས་མིན་ནམ་སྙམ།

       དེང་དུས་གཙང་འགྲམ་གཙུག་ལག་ཁང་ནི་གནའ་ཤུལ་ཙམ་ལས་མ་འདས་ཤིང་། གྱང་གོག་གི་བཀོད་པར་གཞིགས་ན་སྔོན་གྱི་གཙུག་ལག་ཁང་དེ་ནི་ཁང་མིག་གཉིས་ཡོད་པའི་ཐོག་ཁང་ཉིས་བརྩེགས་ཅན་གྱི་བཟོ་སྐྲུན་ཞིག་ཡིན་འདུག  དུས་ཀྱི་བགེགས་བར་གང་ཞིག་ལ་རྐྱེན་བྱས་ད་ཆར་བྱེ་ཐང་གི་དབྱིངས་སུ་བདག་མེད་དུ་ལུས་འདུག་པ་མཇལ་དུས། ཕངས་སེམས་གྲངས་མེད་ཅིག་སྐྱེས་འོངས་ཤིང་། གཙུག་ལག་ཁང་འདིའི་སྔར་བྱུང་ལོ་རྒྱུས་འཚོལ་སྡུད་ཙམ་བྱ་བ་ལས་གཞན་ཅི།

      འདིར་ཀུན་གྱི་སྤྱན་སྔར་ཞུ་མོས་པ་འགའ་ཡོད་པ་ནི། བོད་ཀྱི་འབྲེལ་ཡོད་དཔྱད་ཡིག་སྔ་ཤོས་སུ། གཙང་འགྲམ་གཙུག་ལག་ཁང་ཞེས་པའི་འབོད་སྲོལ་དར་ཆེ་ཡང་། ཕྱིས་བྱུང་གི་ཡིག་ཆ་དང་དེང་གི་ཁ་རྒྱུན་དུ་གཙང་འགྲམ་བྱེ་མ་ལྷ་ཁང་དུ་འབོད། དེ་ཡང་བོད་བཙན་པོའི་རྒྱལ་རབས་འཐོར་རྗེས། གཙུག་ལག་ཁང་དེའི་གནས་བབ་དང་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་ཇེ་ཞན་དུ་ཕྱིན་ནས་རིམ་པར་མཐའ་འཁོར་བྱེ་མ་ཐང་དུ་གྱུར་བས་ན། གཙང་འགྲམ་བྱེ་མ་ལྷ་ཁང་ཞེས་མིང་གསར་དུ་ཐོགས་པ་ཡིན་ནམ་སྙམ། གཙུག་ལག་ཁང་འདི་ཤིན་ཏུ་འགངས་ཆེ་ཞིང་། དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་མཛད་རྗེས་བླ་མེད་གནང་བའི་བླ་ཆེན་དང་མཁས་གྲུབ་མང་པོར་འབྲེལ་བ་དམ་ཟབ་ཡོད་དེ། ཁྲི་སྲོང་བཙན་གྱིས་གཙུག་ལག་ཁང་དེ་བཞེངས་གྲུབ་རྗེས་ཀྱི་མི་ལོ་བརྒྱ་ཙམ་གྱི་རྗེས་སུ། ཁ་བའི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་སྔར་བས་དར་སྤེལ་མཛད་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཡུལ་དུ་གདན་འདྲེན་ཞུས་པའི་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་གཙང་འགྲམ་གཙུག་ལག་ཁང་འདིར་བོད་ཡུལ་རུ་བཞིར་གཏེར་རིགས་བཅོ་བརྒྱད་སྦས་པའི་ནང་ཚན་ཡབ་གཏེར་དང་རྫས་གཏེར་སྦས་པས་གནས་ཆེན་དུ་འགྱུར་བ་དང་། བསྟན་པ་ཕྱི་དར་ཚུན་ཆད་ནས་བླ་ཆེན་དང་མཁས་གྲུབ་མང་པོས་གནས་འདིར་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་སློབ་བརྒྱུད་གཉེར་ནས་གནས་འདི་ག་རིམ་པར་ཇེ་རྒྱས་སུ་སོང་ཡོད།  དཔེར་ན། རྭ་ལོ་རྡོ་རྗེ་གྲགས་(1016-1123)ཀྱིས་གཙང་འགྲམ་ལྷ་ཁང་ལ་ཞིག་གསོ་གནང་མྱོང་བ་དང་། དུས་རབས་བཅུ་གཉིས་ནས་བཅུ་གསུམ་གྱི་བར་དུ་བཀའ་བརྒྱུད་པའི་སྙན་བརྒྱུད་གདམས་པ་གཙོ་བོར་འཛིན་པའི་བླ་མ་ཆེ་གྲགས་འགའ་ཞིག་གིས་གཙང་འགྲམ་ལྷ་ཁང་གི་གདན་ས་སྐྱོང་མྱོང་བ་དང་། ཞ་ལུའི་མཁན་རབས་གསུམ་པ་ལྕེ་གཡུ་ཐོག་སྒྲ་གསེར་བཟང་གིས་གཙང་གཡས་རུ་ཐོབ་རྒྱལ་བྱེ་མ་གཡུ་ཟུར་ནས་རང་བྱོན་ཐུགས་རྗེ་ཆེན་མོ་ཁ་སར་པ་ཎི་གཙང་འགྲམ་བྱེ་མའི་ལྷ་ཁང་དུ་བཞུགས་པ་དེ་ཞ་ལུར་སྤྱན་དྲངས་གནང་བ་སོགས་པའི་བྱུང་རབས་བཞུགས། (གོང་གི་ནང་དོན་ཁག་ཅིག་རྡོ་རྗེ་ཚེ་དབང་གིས་བརྩམས་པའི“མཐའ་འདུལ་བཞིའི་ཡ་གྱལ་གཙང་འགྲམ་བྱེ་མའི་ལྷ་ཁང་གི་ལོ་རྒྱུས་བྱུང་འཕེལ་སྐོར་རགས་ཙམ་གླེང་བ་”ཞེས་པར་གསལ། རྩོམ་པ་པོས་མཁོ་འདོན་བྱས། )

       ད་ཆར་གཙང་གཡས་རུ་ཤངས་ཡུལ་སུམ་མདོར་ཆགས་པའི་གཙང་འགྲམ་གཙུག་ལག་ཁང་ངམ་གཙང་འགྲམ་བྱེ་མའི་ལྷ་ཁང་འདི་ཉིད་ལུས་དང་དབང་པོ་ཉམས་བཞིན་པའི་ལོ་རྒྱུས་ཀྱི་རྒད་པོ་ཞིག་དང་མཚུངས་ཀྱང་། དེ་ནི་ལོ་རྒྱུས་ཐོག་གཙང་གཡས་རུ་ཤངས་ས་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་ཐོག་མ་ཡིན་པ་དང་། འདིས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་རིག་གནས་དང་སྲིད་རབས་ལ་ཉམས་ཞིབ་གང་ལེགས་བྱ་ཐུབ་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད།

ཟུར་བཀོད། 

གཙང་འགྲམ་ལྷ་ཁང་གི་གནས་ཡུལ། 

ལྷ་ཁང་གི་གནས་ཤུལ།

 

                         <གསལ་བཤད། རྩོམ་པ་པོའི་མ་རྩོམ་ཇི་བཞིན་དུ་བཀོད་པ་ལས་བཟོ་བཅོས་སོགས་གང་ཡང་བྱས་མེད། >
 
ཡོང་ཁུངས།: 
ཚ་ལུ་མ་དྲ་བ།