སྐར་རྡོའི་འཇིགས་པ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-13 14

ལྟ་གྲངས།

84
  མོ་སི་ཁོའི་དུས་ཚོད་༢༠༡༣ལོའི་ཟླ་༡པའི་ཚེས་༡༥ཉིན་གྱི་སྔ་དྲོར།ཨི་རི་སུའི་རྒྱལ་ཁབ་ཏུ་འཛམ་གླིང་གི་མི་རྣམས་ཧ་ལས་པའི་སྐར་རྡོའི་ནང་འཛུལ་འཇབ་རྒོལ་གྱི་དོན་རྐྱེན་ཅིག་བྱུང་བ་དང་། སྐར་རྡོ་དེ་ཁྲི་ལི་ཡོ་པི་སི་ཁི་ཀྲིག་(车里雅宾斯克州)གི་ཆི་པར་ཁོ་ལི་ཧུ་(切巴尔库利湖)ས་ཁུལ་གྱི་བར་སྣང་ནས་གས་པས་ས་ཁུངས་མང་བོར་མེ་ལྡོག་ལྷུང་ནས་མི་༡༢༠༠ལྷག་ལ་རྨས་སྐྱོན་བྱུང་ལ། འཛུགས་སྐྲུན་༤༠༠༠ལྷག་གས་ཆག་བྱུང་ནས་དངུལ་སྒོར་དུང་ཕྱུར་༡༠ལྷག་གི་གྱོང་གུད་ཕོགས། དེ་ལས་ཀྱང་ཡ་མཚན་པ་ནི་པར་ཁོ་ལི་ཧུར་ས་ཁུལ་ཚངས་ཐིག་རྨི་༨ཡོད་པའི་དོང་ཆེན་པོ་ཞིག་རྡོལ་ཡོད། དེར་མ་ཟད་མེ་གླིང་གི་ཁུ་པ་རྒྱལ་ཁབ་ཏུའང་གནས་དེའི་དུས་ཚོད་ཀྱི་ཚེས་༡༤ཉིན་གྱི་དགོང་མོར་སྐར་རྡོ་ལྷུང་པའི་དོན་རྐྱེན་ཞིག་བྱུང་།དེའི་རྗེས་སུ་པེ་ཅིང་དུས་ཚོད་ཀྱི་ཚེས་༡༦གི་ཐོ་རེངས་སུ་ཨངརྟགས་”2012DA14”ཅན་གྱི་རྒྱུ་སྐར་ཆུང་ཆུང་ཞིག་ཕལ་ཆེར་སའི་གོ་ལ་དང་གདོང་ཐུག་བརྒྱབ། ཉིན་ཐུང་ངུ་ཞིག་གི་ནང་དུ། ༼འཇིག་རྟེན་ཕྱི་མའི་མགྲོན་པོ༽ཡང་ནས་ཡང་དུ་སའི་གོ་ལར་ཕེབས་པའི་རྐྱེན་གྱིས།མི་རྣམས་ཀྱིས་”ང་ཚོའི་སའི་གོ་ལ་བདེ་འཇགས་ཡིན་ནམ།སྐར་རྡོས་སའི་གོ་ལར་འཇིགས་སྐུལ་ག་འདྲ་ཞིག་བཟོ་འམ།”ཞེས་བསམ་བློ་གཏོང་དང་གཏོང་བཞིན་ཡོད།
 

སྐར་རྡོ་ཟེར་བ་དེ་ཅི་ཞིག་ཡིན།

 
   མུ་མཐའ་མི་མངོན་པའི་འཇིག་རྟེན་ཁམས་སུ་བརྟན་སྐར་དང་རྒྱུ་སྐར། རྒྱུ་སྐར་ཆུང་བ་དང་མཁའ་དབྱིངས་ཀྱི་ཧྲོབ་པ་སོགས་བགྲང་ཀྱིས་མི་ལངས་པའི་སྐར་མ་རྣམས་རང་གི་འཁོར་ལམ་དུ་འགུལ་སྐྱོད་བྱེད་བཞིན་ཡོད། འོན་ཀྱང་སྐར་མ་ཁ་ཤས་ཀྱིས་སྒྲིག་ལམ་མི་སྲུང་པར་འཁོར་ལམ་གྱི་ཕྱི་ལ་འགུལ་སྐྱོད་བྱས་པས་སྐར་མ་གཞན་དང་གདོང་ཐུག་བྱུང་།སྐར་མ་གཞན་དང་མི་འདྲ་བར་ང་ཚོའི་སའི་གོ་ལར་རླུང་ཁམས་ཆེན་པོའི་བང་རིམ་གྱིས་སྲུང་སྐྱོང་བྱེད་བཞིན་ཡོད་དེ། ཕྱིའི་དངོས་བོ་སའི་གོ་ལའི་རླུང་ཁམས་ཆེན་པོའི་བང་རིམ་ནང་དུ་སླེབས་དུས་ནམ་རྒྱུན་དུ་སྤྱི་ལེ་༡༤༥ནས་༡༡༠ཡི་མཁའ་དབྱིངས་སུ་རླུང་ཁམས་ཆེན་པོ་དང་རྡར་པས་མེ་འབར་ནས་འོད་འཕྲོས། ང་ཚོས་རྒྱུན་དུ་མཐོང་བཞིན་པའི་སྐད་ཅིག་ཙམ་ལ་ཡལ་བའི་འོད་འཕྲོ་ལ་སྐུད་པ་འདྲ་བ་དེ་དག་ལ་སྐར་མདའ་ཟེར།  སྤྱིར་བཏང་གི་གནས་ཚུལ་འོག་ཏུ་སྐར་མདའ་ལྷུང་ནས་སྤྱི་ལེ་༨༠ཙམ་ལ་ཐོན་དུས་རྫོགས་འགྲོ་བ་དང་།སྐར་མདའ་ཆེན་པོ་ཁ་ཤས་ཀྱི་ལྷག་རོ་རྣམས་ས་ངོས་སུ་ལྷུང་པས་དེ་ནི་ང་ཚོས་བཤད་བཞིན་པའི་སྐར་རྡོ་ཡིན།
 
   རྫས་འགྱུར་གྱི་གྲུབ་ཆའི་སྟེང་ནས་བཤད་ན།སྐར་རྡོ་ནི་གཏེར་དངོས་ཀྱི་གཅིག་འདུས་ཕུང་པོ་ཞིག་ལས་མ་འདས། མིག་སྔར་ང་ཚོས་སྐར་རྡོའི་ནང་ནས་གཏེར་དངོས་རིགས་༨༠ལྷག་རྙེད་པ་དང་།གཏེར་དངོས་མང་ཆེ་ཤས་སའི་གོ་ལའི་བྲག་རྡོའི་ནང་དུའང་ཡོད།རིགས་ཉུང་ཤས་ཤིག་སྟེ།དཔེར་ན་ལྕགས་རྡོ་དང་ནིག་རྡོ་སོགས་ནི་སྐར་རྡོར་དམིགས་བསལ་དུ་ཡོད་པ་ཡིན། །སྐར་རྡོའི་གཏེར་དངོས་མང་ཤས་ནི་མྰེ་ལྕགས་སྭེལ་སྐྱུར་ཚྭ་ཡིན་ལ་ག་ས་གང་དུ་མཆིག་རྡོ་ཉུང་ཤས་ཤིག་འཆིས།སྐར་རྡོ་ལ་ལའི་ནང་དུ་རྡོ་རྗེ་ཕ་ལམ་ཡོད། དེའི་གྲུབ་ཆ་དང་སྒྲིག་གཞིའི་རིགས་དབྱེ་ན། སྐར་རྡོར་སྐར་རྡོ་ལྕགས་ཅན་༼ཕལ་ཆེར་ཡོད་ཚད་ལྕགས་ནིག་བསྲེས་ལྕགས་ཀྱིས་གྲུབ༽དང་སྐར་རྡོ་རྡོ་ཅན།༼ལྕགས་མྰེ་སྭེལ་སྐྱུར་ཚྭ༽།ལྕགས་རྡོ་སྐར་རྡོ༼ ནིག་ཁིར་བསྲེས་ལྕགས50%དང་སྭེལ་སྐྱུར་ཚྭ50%༽། དཔེར་ན། ཤིན་ཅང་ཞིང་ཆེན་གྱི་ཨོར་མོ་ཆིའི་གཤམས་སྟོན་ཁང་དུ་བདག་གཉེར་བྱས་པའི་སྐར་རྡོ་ལྕགས་ཅན་དེ་ནི་འཛམ་གླིང་ཐོག་རྙེད་པའི་སྐར་ལྕགས་ཆེན་པོ་ཨང་གསུམ་པ་ཡིན། དེའི་བོངས་ཚད་ལ་སྨི་གྲུ་བཞི་ལྷམ་པ་3.5དང་།ལྗིད་ཚད་ལ་ཏུན་30ཡོད།གྲུབ་ཆ་གཙོ་བོ་ནི་ལྕགས་ཡིན་ལ་88.67%ཟིན། དེ་ནས་ནིག་ཡིན།ད་དུང་རྫས་འགྱུར་རྒྱུ་ཁོབ།ལིན།སྭེལ།མུ་སི་དང་ཟངས་སོགས་འདུས།
 

སྐར་རྡོའི་གཏོར་བརླག་གི་ནང་གསེས་གཅིག  སྐར་རྡོའི་དོང་བསྐོས་པ།

 
   ལོ་རྒྱུས་སྟེང་ནས་བྱུང་མྱོང་པའི་སྐར་རྡོས་སའི་གོ་ལར་གདོང་ཐུགཔའི་དོན་རྐྱེན་དག་རྩིས་ན། ང་ཚོས་སའི་གོ་ལར་མཚོན་ནགས་མདེལ་ཆར(枪林弹雨)་གྱི་འཇབ་རྒོལ་བྱས་མྱོང་ཡོད་པ་རྟོགས་ཐུབ། སྐར་རྡོས་སའི་གོ་ལར་གདོང་ཐུག་བྱས་ན་ཆེས་མངོན་གསལ་གྱི་སྣང་ཚུལ་ནི་སྐར་རྡོའི་དོང་བསྐོས་ནས་ས་ངོས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱེད། དོང་འདི་དག་ས་གཤིས་ཀྱི་འགུལ་སྐྱོད་སོགས་རང་བྱུང་གི་རྒྱུ་རྐྱེན་དང་བསྟུན་ནས་སུབ་ཐུབ་ནའང་། ང་ཚོས་༼འཇིག་རྟེན་ཕྱི་མའི་མགྲོན་པོ༽དེ་དག་གིས་སའི་གོ་ལར་གདོང་ཐུག་བྱས་ནས་བཞག་པའི་རྗེས་ཤུལ་རྣམས་མཐོང་ཐུབ།  སྐར་རྡོ་ནི་སྐར་མ་གཞན་པ་ནས་དུས་ཡུན་རིང་བོར་འཕུར་སྐྱོད་བྱས་ནས་སའི་གོ་ལའི་ཐོག་ལ་སླེབས་པ་དང་དེའི་མྱུར་ཚད་ཧ་ཅང་མགྱོགས་ལ་སྐར་རྡོ་ཆུང་ངུས་ཀྱང་གཏོར་བརླག་ཚབ་ཆེན་བཟོ་ཐུབ་པ་ནི་ཚང་མས་ཤེས་གསལ་རེད།  དཔེར་ན་དབྱི་ཐ་ལའི་ཚན་རིག་པས་ཨེ་ཅིབ་ནས་འཐུས་ཚང་ལ་སྐྱོན་མེད་པའི་སྐར་རྡོའི་དོང་ཆུང་ངུ་ཞིག་རྙེད་པ་དང་། དེའི་ཚངས་ཐིག་ལ་རྨི་45དང་ཟབ་ཚད་ལ་རྨི16ཡོད། རྩིས་རྒྱབ་པ་ལྟར་ན། སྐར་རྡོ་དེའི་ཚངས་ཐིག་ལ་ཕལ་ཆེར་རྨི་1.2མ་གཏོགས་མེད །འོན་ཀྱང་དེའི་མྱུར་ཚད་ལ་12874(སྤྱི་ལེ/ཆུ་ཚོད)ཡིན་དེ་དེ་མཁའ་དབུགས་ནང་གི་སྒྲའི་མྱུར་ཚད་ཀྱི་ལྡེབ་བཅུའི་ཡན་ཡིན།  འདི་འདྲའི་མགྱོགས་མྱུར་ཅན་གྱི་དངོས་གཟུགས་སྨྱན་རྫས་བརྒྱུད་དུས། འདིས་སྨྱན་གཟུགས་ཀྱི་གནོན་ཤུགས་དང་དྲོད་ཚད།སྟུག་ཚད།མྱུར་ཚད་བཅས་འགྱུར་ལྡོག་དྲགས་པོ་བྱུང་ནས་བྲག་རྡོའི་དངོས་རྫས་ཞུ་བ་དང་རླངས་འགྱུར་བ། གཏེར་རྫས་འགྱུར་བ་དང་གཟུགས་འགྱུར་དྲགས་པོ་བྱུང་པ་དང་ཐ་ན་ངོ་བོའང་འགྱུར་སྲིད་པར་མ་ཟད་སའི་གོ་ལའི་ཐོག་ཏུ་སྒོར་དབྱིབས་ཀྱི་དོང་ཆེན་པོ་ཞིག་ཀྱང་འགྲུབ།སྐར་རྡོའི་དོང་ཁ་ཤས་ནང་ལ་ཆུ་བསགས་ཏེ་མཚེའུ་གྲུབ།
 
   མིག་སྔར་ཚན་རིག་པ་ཚོས་འཛམ་གླིང་གི་རྒྱལ་ཁབ་32ས་གཞིའི་སྟེང་ན་ཁྱབ་པའི་སྐར་རྡོའི་དོང་176ངེས་གཏན་བྱས་པ་དང་།དེ་དག་ནི་ལོ་ངོ་དུང་ཕྱུར་ཁ་ཤས་ཀྱི་སྔོན་ནས་ལོ་ངོ་སྟོང་གི་སྔོན་ནས་གྲུབ་པ་ཡིན། ཚངས་ཐིག་ལ་རྨི་ཁ་ཤས་ནས་སྤྱི་ལེ་བརྒྱ་ཁ་ལྷག་སོགས་མང་པོ་ཡོད། ཅུང་མིང་གྲགས་ལྡན་པ་ལ་ཨ་རིའི་ཡ་ལི་སང་ན་ཀྲིའི་པ་ལིན་གུ་སྐར་རྡོའི་དོང་དང་ཧ་ས་ཁི་སི་ཐན་གྱི་ཆད་ལི་སྐར་རྡོའི་དོང་། རྒྱ་གར་གྱི་ལོ་ནར་སྐར་རྡོའི་དོང་སོགས་ཡོད། དེའི་ནང་ནས་པ་ལིན་གུ་སྐར་རྡོའི་དོང་ནི་འཛམ་གླིང་སྟེང་གི་ཚན་རིག་པས་ངེས་གཏན་བྱས་པའི་སྐར་རྡོའི་དོང་ཐོག་མ་ཡིན།དེའི་ཚངས་ཐིག་ལ་རྨི་1280དང་ཟབ་ཚད་ལ་175ཡོད། རྩིས་བརྒྱབ་པ་ལྟར་ན།དེ་ནི་ལྗིད་ཚད་ལ་ཏུན་ས་ཡ་གཅིག་ལྷག་ཡོད་པའི་སྐར་རྡོས་རྡེག་ནས་གྲུབ་པ་དང་།དེས་བཏོན་པའི་ནུས་ཚད་ནི་མདེའུ་ཆིང་ཏན་བྱེ་བ་གསུམ་གས་པའི་ནུས་ཚད་དང་མཚུངས།
 
   ༢༠༠༩ལོར་རང་རྒྱལ་གྱིས་ཀྱང་རྒྱལ་ནང་གི་སྐར་རྡོའི་དོང་ཐོག་མ་རྙེད་པ་མ་ཟད་ངེས་གཏན་བྱས། དེ་ནི་ལིའོ་ཉིན་ཞིང་ཆེན་གྱི་ཨན་ཧྲན་གྲོང་ཁྱེར་མན་ཇུ་རིགས་རང་སྐྱོང་རྫོང་གི་སོའུ་ཙི་གི་གྲོང་རྡལ་ཀོ་ལོང་སྡེ་བར་གནས་པའི་ཤུ་ཡན་དོང་ཟེར་བ་དེ་ཡིན།དོང་དེ་སྒོར་དབྱིབས་ཅན་ཡིན་ཏེ་ཁ་གནམ་ལ་བསྐོར་བའི་དཀར་ཡོལ་ཆེན་པོ་ཞིག་དང་གཉིས་སུ་མེད། ཚངས་ཐིག་ལ་རྨི་1800དང་ཟབ་ཚད་ལ་རྨི150ཡོད།ཞིབ་འཇུག་ལྟར་ན།འདི་ནི་ཚངས་ཐིག་ལ་རྨི80ཡོད་པའི་སྐར་མའི་གོ་ལ་གཞན་པས་སའི་གོ་ལར་རྡེག་པའི་མཇུག་འབྲས་ཡིན་འདུག་གོ།
གཙོ་ཚིག: